ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁྱབ་བསྒྲགས་གནང་དོན།
ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་11ཚེས་13ནས17ཉིན་བར། ལི་མར་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་རྒྱུ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་རེད།
པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་11ཚེས་17ནས་21ཉིན་བར། ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་ཡང་གནང་རྒྱུ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུའི་ལི་མར་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་རྒྱུ་དང་འབྲེལ། པར་ཙིར་གྱི་ལི་གཡོད་རེ་ནེ་ལུར་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
“ཀྲུའུ་ཞི་ཞི་ཅིན་ཕིང་འདི་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པ་དེ་ནི་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་ཕྱོགས་ནས་སྤེལ་བའི་གཙོ་བདག་གི་ཕྱི་འབྲེལ་བྱ་སྤྱོད་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད” མའོ་ཉིང་གིས་བརྗོད་དོན། མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་འགོར་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་འགྲན་སློང་གསར་པ་འཕྲད་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། ཕྱོགས་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་ནུས་པ་གཙོ་བོ་མུ་མཐུད་བཏོན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྣེ་ཁྲིད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ངོ་སྤྲོད་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཀྲུང་གོའི་སྲིད་ཇུས་དང་འདོད་ཚུལ་རྒྱས་བཤད་གནང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2040ལོའི་པུའུ་ཐེ་ལ་ཅ་ཡའི་ཕུགས་འདུན་ཕྱོགས་ཡོངས་ནས་དོ་སྙོམས་ངང་དོན་འཁྱོལ་བྱེད་པ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ད་ཐེངས་ཀྱི་ཚོགས་འདུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་བཅས་བྱེད་འདོད་ཡོད།
“ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ལ་ཞུགས་རྒྱུ་དེ་ཐོག་ནས་ཕྱོགས་མང་རིང་ལུགས་ལ་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བ་མཚོན་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བ་ཡང་མཚོན་ཡོད” མའོ་ཉིང་གིས་བརྗོད་དོན། མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་མི་འདང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགྲན་སློང་འཕྲད་པ། རྒྱལ་སྤྱིའི་དུས་བབ་ཁྲོད་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། ཕྱོགས་ཁག་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གླེང་སྟེགས་གཙོ་བོའི་ནུས་པ་བཏོན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད། སྒུལ་ཤུགས་སྣོན་རྒྱུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་དང“གཞུང་དྲང་གི་འཛམ་གླིང་དང་རྒྱུན་མཐུད་ཆོག་པའི་གོ་ལ་ཞིག་གཏོད་རྒྱུའི”བརྗོད་དོན་གཙོ་བོར་དམིགས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་སྤེལ་རེས་གཏིང་ཟབ་གནང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དར་སྤེལ་གཏོང་གི་ཡོད། ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ལི་གཡོད་རེ་ནེ་ལུའུ་དབུ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། སྒོ་དབྱེའི་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྱོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། བརྡ་རྟགས་གསལ་པོ་གཏོང་བ། རྒྱལ་ཁབ་ཁག་མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་དར་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུ་དང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
མའོ་ཉིང་གིས་བརྗོད་དོན། ཕེ་རུ་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོས་ཕེ་རུ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་53སོང་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་སོང་བ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ན་ནིང་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པོ་ལུའུ་ཨར་ཐེ་རྣམ་གཉིས་ཞལ་འཛོམས་ཐེངས་གཉིས་གནང་ནས་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཆར་གཞི་གསར་པ་བཀོད་ཡོད།
མའོ་ཉིང་གིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་8ཀྱི་རྗེས་སུ་སླར་ཡང་ཕེ་རུར་འཚམས་འདྲི་གནང་བ་ཞིག་རེད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གྲོས་མོལ་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་སོགས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་དང་འབྲེལ་དགའ་བསུ་ཞུ་བའི་མཛད་སྒོ་དང་། མཉམ་ལས་ཀྱི་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོ དགའ་བསུའི་གསོལ་སྟོན་སོགས་རྒྱལ་དོན་བྱེད་སྒོར་ཞུགས་རྒྱུ་དང་དེ་བཞིན་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་བྱེད་སྒོ་གཞན་དག་ལ་ཞུགས་རྒྱུ་རེད། “ད་རེས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རྒྱུ་དེས་ཀྲུང་གོ་དང་ཕེ་རུའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཐུབ་རྒྱུ་བཅས་ཀྱི་ཡིད་ཆེས་ཡོད”
མའོ་ཉིང་གིས་བརྗོད་དོན། ཀྲུང་གོ་དང་པར་ཙིར་གཉིས་ནི་སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། གཉིས་ཀ་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་ལ་ཕན་ཚུན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའང་ཡིན། འདི་ལོ་ནི་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་རེད།
དུས་རབས་ཕྱེད་ཀའི་རིང་། རྒྱལ་སྤྱིའི་འགྱུར་ལྡོག་གི་མདུན་དུ་ཀྲུང་པར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་འགྲོ་བའི་དཔེ་མཚོན་དུ་གྱུར་ནས་ཕྱོགས་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། གོ་ལ་ཧྲིལ་པོའི་རང་བཞིན་བཅས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་ཕྱིན་ཡོད། ན་ནིང་ཟླ་4པར་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་དུས་རབས་གསར་པར་ཀྲུང་པར་འབྲེལ་བའི་འབྱུང་འགྱུར་གསར་པ་གཏོད་རྒྱུར་སྣེ་ཁྲིད་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་གྲུབ་ཡོད།
(དམ་ཆོས་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)