འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་4ཉིན་ནས་ཟླ་12ཚེས་2ཉིན་བར། སྤྱི་བདེ་པུས་དུས་འགོའི་ཚོད་ལྟའི་རྨང་གཞིའི་ཐོག་རྒྱལ་ཡོངས་སུ་ཁག་གསུམ་ལ་བགོས་ཏེ་འཕྲུལ་སྒུལ་འཁོར་རིགས་ཀྱི་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ཕྱོགས་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་བཏང་ཞིང་། ལས་སྒྲུབ་འགྲོ་ལུགས་སྔར་བས་སྟབས་བདེ་དང་ལག་ཁྱེར་དེ་བས་སྤྱོད་བདེ་རུ་བཏང་ཡོད།
འདི་ལོའི་ཟླ་7ཚེས་1ཉིན། སྤྱི་བདེ་པུས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་དམངས་ལ་སྟབས་བདེ་སྐྲུན་པ་དང་ཁེ་ལས་ལ་ཕན་འདོགས་པའི་སྒྱུར་བཅོས་བྱེད་ཐབས་གསར་པ་ཁག་8བཏོན་ནས་ལག་ལེན་བསྟར་རྒྱུའི་ནང་པེ་ཅིང་དང་། ཐེན་ཅིན། སུའུ་ཀྲོའུ་སོགས་གྲོང་ཁྱེར་60ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ཁྱབ་གདལ་གཏོང་རྒྱུ་ཚོད་ལྟ་བྱས་ཏེ། འཁོར་བདག་ཚོར་དྲ་ཐོག་ནས་ལག་ཁྱེར་དང་ཨང་རྟགས་བསྟན་རྒྱུ་ཡོད་པའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། མིག་སྔར་རིམ་རྩིས་བརྒྱབ་ན་འཁོར་བདག་ཁྲི་5000ལྷག་ཙམ་ལ་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་དཔྱད་སྤྲོད་བྱས་ཡོད།
མིག་སྔའི་བར། སྒྱུར་བཅོས་ཀྱི་བྱ་ཐབས་གསར་པ་8དེ་དག་གིས་མི་ཐེངས་དུང་ཕྱུར་1ལྷག་ཙམ་ལ་ཕན་པ་ཐོབ་ནས་མང་ཚོགས་དང་དེ་བཞིན་ཁེ་ལས་ལ་སྒོར་དུང་ཕྱུར་30ལྷག་ཙམ་གྱི་ཁུར་པོ་ཡང་དུ་བཏང་བ་རེད།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)