འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨབ་ཀྲ་པེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “འབྱུང་འགྱུར་གྱི་སྦྲེལ་ཟམ་མཉམ་དུ་གཏོད”ཅེས་པའི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་རྟེན་འབྲེལ་མཛད་སྒོ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེར་འགོ་ཚུགས་པ་དང་། ཉིན་གསུམ་གྱི་རྟེན་འབྲེལ་མཛད་སྒོར་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཚུན་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་དྲན་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད་པ་རེད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་དབྱི་མིང་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རིག་གནས་པུའི་པུའུ་ཀྲང་སཱ་ལི་མུའུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་དོན་པུའུ་ཀྲང་སཱ་ཡེ་ཧེ། ཨབ་ཀྲ་པེའི་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཀྲུའུ་ཞི་མུའུ་པ་ལཱ་ཁེ་སོགས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་མཛད་སྒོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་རིམ་སྤེལ་རྟེན་འབྲེལ་མཛད་སྒོའི་གྲས་ཤིག་ཡིན་པ་དང་། དེ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ལས་ཤག་རྒྱལ་ཁབ་རྣམ་གྲངས་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གཉེར་རོགས་བྱས་ཤིང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད།
(ཟླ་ཕུར་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)