འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧོ་དང་ལིའུ་ཀྲུང་ཧྭ།
“གསར་དར་དབང་ཆ་འགན་ལེན། ཀྲུང་གོ་དང་ཡོ་རོབ་ཀྱི་མཐོང་ལམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“2024·ཀྲུང་གོ་དང་ཡོ་རོབ་དབར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ”ཉེ་ཆར་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་འཚོགས་པ་རེད། ཀྲུང་གོ་དང་། འཇར་མན། ཧྥ་རན་སེ། དབྱི་ཐ་ལི། དབྱིན་ཇི། ཐུར་ཁེ། སུའེ་ཏེན། ཅེ་ཁེ། ཁ་རེ་ཤེ་ཡ། རོ་མ་ནི་ཡ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་འཐུས་མི་60ཙམ་གྱིས་མིག་སྔའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་མང་བའི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
རྒྱལ་ཁབ་མང་པོའི་མཁས་དབང་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་བྱས་པ།
འཇར་མན་གྱི་ཇུས་འདོན་ཚོགས་པ་ཞི་ལེ་ཞིབ་འཇུག་སུའོ་ཡི་སྲོལ་གཏོད་པ་དང་ཀྲུའུ་ཞི་གཅིག་ལྕོགས་ཧེའར་ཅཱ·ཚེ་ཕུའུ-ལཱ་ལུའུ་ཧྲིས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་འཕེལ་རྒྱས་ཐད་ཀྱི་ཀྲུང་གོའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱ་ཁྱབ་ཀྱི་བསྟུན་མཁས་རང་བཞིན་ལྡན་པ་མ་ཟད། རྒྱལ་ཁབ་ཚང་མའི་ཁེ་ཕན་ལའང་བསམ་བློ་བཏང་ཡོད་པའི་ངོས་འཛིན་བྱས་པ་རེད།
སུའེ་ཏེན་གྱི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྲི་ཏི་ཧྥེན·པུའུ་ལོར་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད། ཀྲུང་གོས་རྒྱལ་ཁབ་གཞན་དང་རང་ཉིད་ཀྱི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱས་པ་དེས། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་དང་ཐོག་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་འགན་ལེན་བྱེད་དགོས་ཞེས་བརྗོད། ཁོང་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དང་ཀྲུང་གོ་དང་དེ་བཞིན་རྒྱལ་ཁབ་གཞན་དག་དབར་མཉམ་ལས་དམ་ཟབ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ་རེད།
ཀྲུང་ནན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཁྲིམས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མའོ་ཅུན་ཞང་གིས་གསར་འགོད་པར“ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས་སྤེལ་བའི་ཤིན་ཅང་དང་བོད་དང་འབྲེལ་ཡོད་ཀྱི་དོན་དངོས་དང་མི་འཚམ་པའི་ཐ་སྙད་དང་བསྡུར་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣར་དངོས་ཡོད་དང་དྲང་གཞག་གི་ཆ་འཕྲིན་མཁོ་འདོན་བྱས་པ་དེ་ཐོག་ནས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དེ་བས་ཡར་རྒྱས་བརྩོན་ལེན་བྱེད་པ་མཚོན་ཡོད”ཅེས་བརྗོད།
གསར་དར་དབང་ཆ་འགན་ལེན་དེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་འགྱུར་བ་ཇི་ལྟར་བྱེད་དགོས་སམ།
བགྲོ་གླེང་ཚོགས་འདུའི་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་སྤྱི་ཚོགས་ཀྱི་དབང་ཆ་དང་དཔལ་འབྱོར་འདྲ་མཉམ་མིན་པ་དང་། གྲངས་འཛིན་ལག་རྩལ་དང་འགྲོ་བ་མིའི་ཐོབ་ཐང་གི་སྣོལ་འདྲེས། དེ་བཞིན་རྒྱུན་མཐུད་རང་བཞིན་གྱི་མི་སྒེར་དང་། སྤྱི་ཚོགས། རང་བྱུང་ཁམས་བཅས་ཀྱི་དབང་ཆ་དོ་སྙོམས་སོགས་ཀྱི་གྲོས་གཞིར་དམིགས་ནས་རིམ་མཚུངས་ཚོགས་འདུ་ཐེངས་གསུམ་འཚོགས་པ་རེད།
མཁས་དབང་མང་པོ་ཞིག་གིས་མིག་སྔར་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལས་ཐོན་སྐྱེད་བྱེད་སྟངས་དང་སྤྱི་ཚོགས་གྲུབ་ཆར་འགྱུར་ལྡོག་ཆེན་པོ་བྱུང་ནས་གསར་དར་དབང་ཆ་མང་པོ་ཐོན་པ་དཔེར་ན། གྲངས་འཛིན་གྱི་འགྲོ་བ་མིའི་ཐོབ་ཐང་སོགས་རེད་ཅེས་བརྗོད། གསར་དར་དབང་ཆ་འགན་ལེན་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་འགྱུར་བ་ཇི་ལྟར་བྱེད་དགོས་སམ།
ཡོ་རོབ་ཆོས་ལུགས་མཚན་ཉིད་རིག་པའི་སློབ་གླིང་གི་ཡོན་ཀྲང་འཇར་མན་མིང་སི་ཐེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧན་སི་པེ་ཏེ·ཀེ་ལུའོ་ཧན་སིས་མི་སྒེར་ལ་བཅའ་ཁྲིམས་ཀྱིས་དཀྲིས་པའི་དབང་ཆ་ཡོད་ལ། དུས་མཚུངས་མི་སྒེར་གྱིས་ཀྱང་ཚོགས་སྤྱིའི་འོས་འགན་བསྒྲུབ་དགོས། རྒྱལ་ཁབ་དང་སྤྱི་ཚོགས་ཚང་མས་སྤྱི་དམངས་ཀྱི་དབང་ཆ་དང་འོས་འགན་ཐད་དོ་སྙོམས་འོས་འཚམ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་བྱས།
“གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཉིན་བཞིན་ཇེ་སྡུག་ཏུ་འགྲོ་བར་བརྟེན་རྒྱལ་ཁབ་མང་པོ་ཞིག་གི་དམངས་ཚོགས་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཡོད”ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་གི་བསླབ་རྒན་ཁྲིམས་རྩོད་པ་ཐུའོ་མཱ་སི·སི་ཐེ་ལའོ་པུའུ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོར་ཡུག་དབང་ཆའི་སྐོར་ལ་ཁྲིམས་འཛུགས་བྱེད་སྐབས་དུས་བསྟུན་འཕེལ་རྒྱས་བཏང་བ་དང་རྒྱལ་ཁབ་ཁག་གིས་བྱེད་ཐབས་དེ་བས་མང་བ་སྤྱད་དེ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆུང་དུ་བཏང་ནས་མི་རྣམས་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
ཉིའུ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཅེ་ལི་སྨི·ནོ་ཁེ་སིས་གཙོ་བོ་མི་ཐབས་རིག་ནུས་དང་སློབ་གསོའི་འཕེལ་རྒྱས་ལ་དོ་སྣང་བྱེད་ཅིང་། ཁོང་གིས་མི་ཐབས་རིག་ནུས་དེ་ཉིད་ལག་ཆ་ཞིག་གི་ངོས་ནས་སློབ་སྦྱོང་གི་ལས་ཆོད་དངོས་འབྲེལ་ཇེ་མཐོར་བཏང་མོད། འོན་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ནས་སྤྱི་ཚོགས་འདྲ་མཉམ་མིན་པའི་སྣང་ཚུལ་ཐོན་ཚད་མང་དུ་ཕྱིན་པའི་ངོས་འཛིན་བྱས་པ་རེད།
ཀྲུང་གོ་དང་ཡོ་རོབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་འགན་ལེན་བྱེད་པའི་ལམ་སྲོལ་མཉམ་དུ་གཏོད་རྒྱུར་གླེང་མོ་དང་མཉམ་ལས་བྱས་པ།
འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་ཤེས་དཔལ་ཆེན་པོ་གཉིས་ཀྱི་ཐུན་མོང་གི་དོ་ཁུར་ཞིག་རེད། ད་བར“ཀྲུང་གོ་དང་ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཚོགས་འདུ”སྐབས་8འཚོགས་ཤིང་། ཧྥ་རན་སེ་དང་། ཧོ་ལན། ཨོ་སི་ཁྲུ་རི་ཡ། དབྱི་ཐ་ལི་སོགས་རྒྱལ་ཁབ་ཏུ་ཚོགས་འདུ་ལེགས་གྲུབ་བྱུང་རྗེས་འདི་ལོ་འཇར་མན་དུ་འཚོགས་ཡོད། “པེར་ལིན་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ས་ཆ་ཞིག་རེད་ལ། ཤར་ནུབ་སྦྲེལ་མཐུད་དང་ལོ་རྒྱུས་གཅིག་ཏུ་འབྲེལ་བའི་ས་ཆ་ཞིག་ཀྱང་རེད”ཚོགས་འདུ་གཉེར་མཁན་ཕྱོགས་ཀྱི་གྲས་ཤིག་ཡིན་པའི་འཇར་མན་གྱི་ཀྲུང་གོའི་རིག་གནས་ཐེབས་རྩ་ལྷན་ཚོགས་ཀྱི་ལྟ་ཞིབ་ལྷན་ཚོགས་ཀྲུའུ་ཞི་ཨ་ཁེ་སེར·ཧེ་ཀེ་ཝུའེ་ཨེན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་བསྡུར་བྱས་པ་དེ་ཐོག་ནས་གླེང་མོ་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པ་མཚོན་ཡོད་ཅེས་བརྗོད།
ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་ཡོ་རོབ་ཚན་རིག་དང་སྒྱུ་རྩལ་ཁང་གི་ཡོན་ཧྲི་ཕི་ཐེ·ཧོའར་མན་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་ནན་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་སུ་ཞིབ་འཇུག་གི་ལས་ཀ་བྱས་ཤིང་། ཁོང་གིས“ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པ་དེས་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལ་སྐུལ་འདེད་གཏོང་ཐུབ། ཡོ་རོབ་དང་ཀྲུང་གོའི་མཁས་དབང་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།
རྒྱལ་སྤྱིའི་ཚན་རིག་མཚན་ཉིད་རིག་པ་ཁང་གི་ཀྲུའུ་ཞི་དང་ཁ་རེ་ཤེ་ཡའི་ཀྲ་ཏའར་སློབ་ཆེན་གྱི་མཚན་ཉིད་རིག་པའི་དགེ་རྒན་ཆེ་མོ་བ་ཡིའུ་ལེ·ཙུའོ་ཕུའུ་ཁོའོ་ཡིས་ཤེས་དཔལ་གླེང་མོལ་ལས་དོན་དེ་བས་མང་བ་སྤེལ་ནས་གླེང་མོལ་ཁྲོད་ཕན་ཚུན་སློབ་སྦྱོང་བྱས་ཏེ་ཇི་ལྟར་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱེད་དགོས་པའི་རེ་འབོད་བྱས།
“འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་བྱ་གཞག་ཡིན”འཇར་ཀྲུང་དཔལ་འབྱོར་དང་། སློབ་གསོ། རིག་གནས་བཅས་མཐུན་ཚོགས་ཀྱི་ཀྲུའུ་ཞི་པེ་ཨེན་ཏེ·ཨན་མེའར་གྱིས་རྒྱལ་ཁབ་ཁག་གིས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་དང་། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འདྲ་མཉམ་ངང་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བརྗོད།
(འདི་ག་ཚགས་པར་ཁང་དུ་པེར་ལིན་ནས་འབྱོར་བའི་གློག་འཕྲིན)
(པ་སངས་ཀྱིས་བསྒྱུར། བདེ་དབང་གིས་ཞུས)