འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གོ་ལའི་དངུལ་ཁང་དངུལ་རྩའི་གློག་འཕྲིན་མཐུན་ཚོགས(SWIFT)རྒྱལ་སྤྱིའི་དངུལ་ཁང་ལས་རིགས་ཀྱི་ལས་གཉེར་ཚོགས་ཆེན་གྱི་2024ཡི་ལོ་ཚོགས་པེ་ཅིང་དུ་འཚོགས་པ་རེད།
ལོ་ཚོགས་འཚོག་རིང་། རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་ནས་ཡོང་བའི་སྐུ་མགྲོན་ཁྲི་1ལྷག་ཙམ་པེ་ཅིང་དུ་འཛོམས་ནས“འབྱུང་འགྱུར་གྱི་དངུལ་རྩས། མཉམ་སྒྲུབ་མཉམ་འབྲེལ་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་དང་ཆེད་ལས་ཀྱི་སྤེལ་རེས་ཟབ་མོ་བྱས་པ་རེད།
ལོ་ཚོགས་དེ་ནི་གོ་ལ་ཧྲིལ་པོའི་ལས་རིགས་གཅིག་པའི་མཉམ་ལས་རྩ་འཛུགས་གོ་ལའི་དངུལ་ཁང་དངུལ་རྩའི་གློག་འཕྲིན་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་དངུལ་རྩའི་ལས་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཡིན་པ་དང་། 1978ལོར་འགོ་བཙུགས་ཤིང་། ཡོ་རོབ་དང་། ཨ་མེ་རི་ཁ་གླིང་། ཨེ་ཤེ་ཡ་བཅས་ཀྱི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་གྲོང་ཁྱེར་གྱིས་རེས་མོས་བྱས་ནས་འཚོག་གི་ཡོད་པ་རེད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)