《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月04日

རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་འཐབ་ཇུས་བྱ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། རང་བྱུང་ཐོན་ཁུངས་པུས་རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་འཐབ་ཇུས་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ལག་བསྟར་ཇུས་གཞིར་དམ་པོར་དམིགས་ནས་སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཁུལ་དུམ་ཡོང་ཁུངས་རྒྱ་སྐྱེད་ཧུར་ཐག་གཏོང་བ་བཅས་བྱས་ཤིང་། ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་སུ་གཏེར་འཚོལ་དབང་ཆ་984ནང་བཤུག་བཏང་བའི་ནང་འཐབ་ཇུས་རང་བཞིན་གྱི་གཏེར་འཚོལ་དབང་ཆ་570ཡོད་པ་དེ་དུས་མཚུངས་ལས་218.4%འཕར་ཡོད་པ་རེད།

ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་བྱུང་ཐོན་ཁུངས་པུས་གཏེར་ལས་ལ་མ་དངུལ་གཏོང་བར་བསྔགས་སྐུལ་དང་གཏེར་ལས་ཁྲོམ་ར་དར་རྒྱས་ཀྱི་སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། ས་གཤིས་རྩད་ཞིབ་ཚན་པ་དང་གཏེར་འདོན་ཁེ་ལས་ཀྱི་གཏེར་འཚོལ་གྱི་ཧུར་སེམས་ལ་སྐུལ་སློང་གང་ལེགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་ལྗང་མདོག་རྩད་ཞིབ་བྱེད་པའི་ཞིབ་ཕྲའི་བླང་བྱ་ཁ་གསལ་འདོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཏེར་འཚོལ་འགག་སྒྲོལ་ལ་སྤྱི་འདོམས་ཀྱི་དེང་རབས་ཅན་གྱི་སྒྲིག་ཆས་མ་ལག་མགྱོགས་མྱུར་སྐྲུན་པ། གཏེར་ལས་བདག་དབང་ཡོད་མཁན་གྱི་རྩད་ཞིབ་སྔོག་འདོན་ཆ་འཕྲིན་དོ་དམ་རྒྱུན་རྣམ་ཅན་གྱི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་པ། གཏེར་རྫས་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་ནུས་ཆེ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་བརྟག་དཔྱད་ཚོད་སྐོར་ལམ་ལུགས་འཛུགས་པ་བཅས་བྱས་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)