འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་ཁྱབ་བསྒྲགས་གསར་ཤོས་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་ཉོ་སྒྲུབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར། ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་སྟོན་འབྲུ་ཏུན་ཁྲི་4000ལྷག་ཙམ་ཉོ་སྒྲུབ་བྱས་པའི་ནང་བར་སྨིན་དང་ཕྱི་སྨིན་འབྲས་ཏུན་ཁྲི་2300ཡན་ཟིན་ཡོད་པ་རེད།
ཟླ་10པ་ནས་བཟུང་། དུས་ཚིགས་གསར་པའི་བར་སྨིན་དང་ཕྱི་སྨིན་འབྲས་ཀྱི་ཁྲོམ་རར་ཉོ་སྒྲུབ་བྱེད་མཁན་གོ་རིམ་དང་ལྡན་ཞིང་། རིམ་པ་ཁག་གི་གྲབས་གསོག་ཅུས་ཀྱིས་ཀྱང་ཉོ་སྒྲུབ་བྱེད་འགོ་བཙུགས་ནས་ཉོ་སྒྲུབ་བྱེད་པའི་མྱུར་ཚད་སྔོན་དཔག་དང་འཚམ་ལ་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་ཡོད། ད་ལོ་ས་གནས་ཁག་གི་སྤུས་ལེགས་ཤུན་ལྡན་འབྲས་ཀྱི་རིན་གོང་སྤྱིར་བཏང་རིགས་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་དང་། སྤུས་ཀ་ལེགས་ལ་གོང་ཁེ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རྒྱལ་ཁབ་ཀྱིས་ཤུན་ལྡན་འབྲས་ཐོན་ཁུལ་གཙོ་བོར་རིན་གོང་དམའ་ཤོས་ཀྱི་ཐོག་ནས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་བར་སྨིན་དང་ཕྱི་སྨིན་གྱི་ཞན་ཏའོ་ཆུ་འབྲས་དང་ཅིང་ཏའོ་ཆུ་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་རྒྱ་མ་རེར་སྒོར་1.29དང་སྒོར་1.31ཡིན་པ་རེད།