ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་དུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
ཞི་ཅིན་ཕིང་གིས། སི་ཕེན་གྱི་ས་ཆ་མང་པོར་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་གི་ཡིན། རྒྱལ་པོ་ཧྥེ་ལི་ཕེ་དང་སྐུ་ཉིད་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་ཁྲིད་འོག་གེགས་ཁུལ་མི་དམངས་རྣམས་སྔ་ཙམ་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
(གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)