ཉེ་ཆར་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་འཐུས་མི་ཀྲའོ་པིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས“གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་བཅོས་སྐྱོང་ཐད་ང་ཚོས་མཐུན་སྦྱོར་གཅིག་གྱུར་གྱི་བྱ་སྤྱོད་སྤེལ་ནས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས། མི་སྒེར་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས”ཞེས་བརྗོད་པ་རེད།
ཟླ་10ཚེས་16ཉིན་ནི་འཛམ་གླིང་གི་འབྲུ་རིགས་ཉིན་མོ་ཨང་ཞེ་བཞི་པ་དེ་ཡིན་ཞིང་། ད་ལོའི་འཛམ་གླིང་གི་འབྲུ་རིགས་ཉིན་མོའི་བརྗོད་དོན་གཙོ་བོ་ནི“གནམ་འོག་གི་འབྲུ་རིགས་བདེ་འཇགས་ཡོང་བ། དེ་བས་ལེགས་པའི་འཚོ་བ་མཉམ་དུ་གཏོད་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད”ཅེས་པ་དེ་རེད།
མིག་སྔར། གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་དུས་བབ་ཛ་དྲག་པོ་ཡོད། ད་ལོའི་ཟླ་7པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པའི་2024ལོའི《འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ》ཞེས་པའི་སྙན་ཞུའི་ནང་མངོན་གསལ། 2023ལོར་གོ་ལ་ཧྲིལ་པོར་མི་དུང་ཕྱུར་7.33བཀྲེས་ལྟོགས་ཀྱི་གནས་སུ་གྱར་བ་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་བྱ་སྤྱོད་སྤེལ་བཞིན་པའི་རྒྱལ་ཁབ་71ནང་མི་དུང་ཕྱུར་3.09ལ་ཐོལ་བྱུང་རང་བཞིན་གྱི་འབྲུ་རིགས་བདེ་འཇགས་མེད་པའི་གནས་ཚུལ་འཕྲད་ཡོད། ཀྲའོ་པིན་གྱིས“མི་འབོར་མང་དུ་ཕྱིན་པ་དང་། ཐོན་ཁུངས་བགོ་བཤའ་དོ་སྙོམས་མ་བྱུང་བ། ལག་རྩལ་བཀོལ་སྤྱོད་ཀྱི་ཧེ་བག་བཅས་ལས་འབྲུ་རིགས་བདེ་འཇགས་ཐད་ཀྱི་འགྲན་སློང་ཛ་དྲག་ཏུ་ཕྱིན་ཡོད”ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་རིམ་སྤོར་བྱས་ཏེ་ཞིང་ལས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། “ཀྲུང་གོས་འབྲུ་རིགས་བདེ་འཇགས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་ཞིང་ལས་ཁ་གསབ་སྲིད་ཇུས་ཀྱི་མ་ལག་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་ལས་ཐོན་སྐྱེད་ཀྱི་བརྟན་པའི་རང་བཞིན་འགན་ལེན་བྱས་པ་དང་ཞིང་པའི་ཡོང་འབབ་ཀྱི་ཡོང་ཁུངས་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཀྲུང་གོས་ལག་རྩལ་གསར་གཏོད་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲངས་འཛིན་ཞིང་ལས་དང་རིག་ལྡན་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཐག་གཅོད་ཇུས་གཞི་གསར་པ་མཁོ་འདོན་བྱས་ཡོད”ཅེས་ཀྲའོ་པིན་གྱིས་བརྗོད་པ་རེད། ཀྲུང་གོའི་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ལོ་9བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ནས་ཆག་མེད་པས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
“ཀྲུང་གོ་ནི་འབྲུ་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་དང་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་གི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོས་འབྲུ་རིགས་བདེ་འཇགས་ཀྱི་སྲིད་ཇུས་དང་བཅོས་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་ནས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་སྲིད་ཇུས་བཟོ་རྒྱུར་སྐུལ་འདེད་གཏོང་གི་ཡོད”ཅེས་ཀྲའོ་པིན་གྱིས་བརྗོད་པ་རེད། ཀྲུང་གོས་ད་དུང་ལྷོ་ལྷོ་མཉམ་ལས་དང་ཕྱོགས་གསུམ་མཉམ་ལས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་ཤེས་བྱ་མཉམ་སྤྱོད་དང་ལག་རྩལ་སྤོ་སྒྱུར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་སྐྱེད་ནུས་པ་དང་རང་ཁ་རང་གསོའི་ནུས་པ་ཆེ་རུ་བཏང་ཡོད།
“2022ལོའི་ཟླ་4པར་ཀྲུང་གོ་ཞིང་ལས་གྲོང་གསེབ་པུའུ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་གྲོང་གསེབ་འཕེལ་རྒྱས་ཕུལ་བྱུང་ལྟེ་གནས་ཀྱིས་ཐུན་མོང་ཐོག་ཀྲུང་གོ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ལྷོ་ལྷོ་མཉམ་ལས་ཀྱི་ཤེས་བྱ་མཉམ་སྤྱོད་ལས་སྟེགས་བསྐྲུན་ཡོད། མིག་སྔར་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་གྲོང་གསེབ་འཕེལ་རྒྱས་ཕུལ་བྱུང་ལྟེ་གནས་ཀྱིས་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་དེས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་90ལྷག་ཙམ་ལ་ཕན་པ་བསྐྲུན་ཡོད”ཅེས་ཀྲའོ་པིན་གྱིས་བརྗོད་པ་རེད། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུས་ཀྲུང་གོ་དང་ལྷོ་ལྷོ་མཉམ་ལས་དང་ཕྱོགས་གསུམ་མཉམ་ལས་དེ་ལས་སྟེགས་སུ་བྱས་ཏེ་ས་ཁོངས་ནང་གི་འབྲུ་རིགས་བདེ་འཇགས་ཐད་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་བྱ་མཉམ་སྤྱོད་དང་ལག་རྩལ་སྤོ་སྒྱུར་ལ་སྔར་བས་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིང་དུད་དེ་བས་མང་བར་བདེ་རྩ་བསྐྲུན་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།
(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཟླ་ཕུར་གྱིས་ཞུས)