འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་10ཚེས་31ཉིན་འཛམ་གླིང་གི་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོ་སློབ་གསོ་པུའུ། ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ། ཀེ་རི་སེ་རིག་གནས་པུའུ། ཀེ་རི་སེ་ཨ་ཐེན་སི་ཚན་རིག་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་འཛམ་གླིང་གི་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་ཟླ་11ཚེས་6ཉིན་ནས་ཚེས་8ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།
སྐབས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གནའ་གཞུང་ཤེས་རིག་དང་དེང་རབས་འཛམ་གླིང”ཞེས་པ་ཡིན་ཞིང་། ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་། རིག་གནས་པ་གྲགས་ཅན། སྨྱན་སྦྱོར་མི་སྣ། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན། གཞོན་ནུའི་འཐུས་མི་སོགས་རྒྱ་ཁྱབ་ངང་གདན་དྲངས་ནས། གནའ་གཞུང་ཤེས་རིག་གི་འབྲེལ་ཡོད་གྲོས་གཞིར་དམིགས་ཏེ་བགྲོ་གླེང་དང་གླེང་མོལ་གཏིང་ཟབ་བྱས་ནས་བསམ་བློ་སྤེལ་རེས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ལས་སྟེགས་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད།
(ཉི་དོན་དང་པད་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)