འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན་ཀྲུང་གོ་སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་སློབ་གསོའི་ལོ་ཚོགས་སྐབས་ཉེར་ལྔ་པ་པེ་ཅིང་དུ་འགོ་ཚུགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཡོ་མེ་སློབ་ཚོགས(ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མཐུན་འབྲེལ་ལྷན་ཚོགས)ཀྱི་ཚོགས་གཙོ་ཏིང་ཀྲུང་ལིས་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ། ཀྲུང་གོས་སློབ་གསོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་སྟེ“ནང་འདྲེན”དང“ཕྱིར་སྐྱོད”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སློབ་མ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་པར་སྐུལ་ལྕག་གཏོང་བ་དང་། ཕྱི་རྒྱལ་གྱི་ཕུལ་བྱུང་ཤེས་ལྡན་པ་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་པ། རིག་གཞུང་སྤེལ་རེས་དང་ཚན་ཞིབ་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་མང་ལམ་སྲོལ་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
སྐབས་འདིའི་ལོ་ཚོགས་ཐོག“སློབ་གསོ་ནི་སྐྱེ་བོ་ཀུན་དང་། ལྐོག་གྱུར། འབྱུང་འགྱུར་བཅས་ཀྱི་ཆེད་དུ་ཡིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གླེང་སྟེགས་དང་། ངོ་འཕྲད་གྲོས་མོལ། འགྲེམས་སྟོན་སོགས་བྱེད་སྒོ་བརྒྱ་ལྷག་ཙམ་སྤེལ་ཞིང་། སྐུ་མགྲོན་རྒྱལ་ཁབ་གཙོ་བོ་ནི་ཧྥ་རན་སེ་ཡིན་པ་རེད། རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱི་སློབ་གསོའི་ལས་རིགས་ཀྱི་མི་སྣ་5000ཙམ་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་དཔོན་རིགས་སོགས་ཞུགས་ཡོད་པ་རེད།
(བསྟན་བློས་བསྒྱུར། བསྟན་བློ་དང་ཟླ་ཕུར་གྱིས་ཞུས)