《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月02日

སྤྱི་ཚོགས་ཀྱི་ཟོག་འགྲེམས་བསྡོམས་འབོར་དུས་མཚུངས་ལས་5.6%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟོག་འགྲེམས་འཁོར་སྐྱོད་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་258.2ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། དུས་མཚུངས་ལས་5.6%འཕར་བ་དང་། ད་ལོའི་དུས་ཚིགས་ཁག་གི་འཕར་ཚད་ཚང་མ་5%ཡན་ཟིན་ཡོད་པ་རེད།

འདི་ལོ་ཚུན་དུ་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་བའི་སྲིད་ཇུས་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་མ་གནས་བརྟན་པོའི་ཁྲོད་ཆག་ཡོད། གསར་འཕར་སྲིད་ཇུས་སྦབ་ཆ་གཅིག་མགྱོགས་མྱུར་བཏོན་པ་དང་ཆབས་ཅིག ཟོག་འགྲེམས་ཀྱི་དགོས་མཁོར་དགེ་མཚན་ལྡན་པའི་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད།

དུས་ཚིགས་དང་པོ་ནས་གསུམ་པའི་བར་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་བསྡོམས་འབོར་དུས་མཚུངས་ལས་5.6%འཕར་ཡོད། བཟོ་ལས་ཁྱབ་ཁོངས་ཀྱི་92%ལས་བརྒལ་བའི་ཟོག་འགྲེམས་བསྡོམས་འབོར་འཕར་བ་དང་ས་ཁུལ་གྱི་བཟོ་ལས་ཐོན་རྫས་ཀྱི་བརྒྱ་ཆ་90ལས་བརྒལ་བའི་ཟོག་འགྲེམས་བསྡོམས་འབོར་ཅུང་ཙམ་འཕར་ཡོད། ས་ཁུལ་ཁག་གིས“གསར་གཉིས”སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་འབྲེལ་ཡོད་ལས་རིགས་དང་ཐོན་རྫས་ཀྱི་ཟོག་འགྲེམས་དགོས་མཁོའི་འཕར་ཚུལ་ཡག་པོ་ཡོད་པ་རེད། རླུང་འཕྲིན་བརྙན་འཕྲིན་གྱི་སྒྲིག་ཆས་བཟོ་སྐྲུན་དང་འཕྲིན་གཏོང་གི་སྒྲིག་ཆས་བཟོ་སྐྲུན་སོགས་འཛད་རྫས་བཟོ་སྐྲུན་གྱི་ཟོག་འགྲེམས་དགོས་མཁོའི་འཕར་ཚད་10%ལས་བརྒལ་བ་དང་བཟའ་བཅའ་དང་ཞིང་ལས་ཐོན་རྫས་ཀྱི་ཆེད་དོན་སྒྲིག་ཆས་བཟོ་སྐྲུན་གྱི་ཟོག་འགྲེམས་དགོས་མཁོ་འཕར་ཚད་30%ལས་བརྒལ་ཡོད་པ་རེད།

ཐོན་སྐྱེད་ནུས་ཤུགས་གསར་མའི་ཁྱབ་ཁོངས་ཀྱི་ཟོག་འགྲེམས་རིམ་བཞིན་སྟོབས་ཆེར་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིཌ་ཀྱི་ཟོག་འགྲེམས་དགོས་མཁོ་དུས་མཚུངས་ལས་9.1%འཕར་བའི་ནང་། རིག་ནུས་མི་མེད་འཕུར་སྐྱོད་ཡོ་བྱད་ཀྱི་བཟོ་སྐྲུན་དང་རིག་ནུས་ཀྱི་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་སོགས་ལས་རིགས་འཕར་ཚད་30%ལས་བརྒལ་བ་དང་། དོན་དངོས་རྟོག་བཟོ་དང་རིག་ནུས་ཕན་ཚུན་སྤེལ་རེས་སོགས་ཐོན་རྫས་ཀྱི་ཟོག་འགྲེམས་ཚད་གཞི་དུས་མཚུངས་ལས་10%ལྷག་ཙམ་འཕར་ཡོད་པ་རེད།