འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཀྱི་ཐོན་ལས་ཁེ་ལས(གཤམ་དུ“རིག་གནས་ཁེ་ལས”ཞེས་བསྡུ་རྒྱུ)ཁྲི་7.8ལ་བརྟག་དཔྱད་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། རིག་གནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་99668ཟིན་ནས་བསྡུར་གཞི་ཡོད་པའི་ཚད་གཞིར་གཞིགས་ན་ལོ་གོང་མའི་དུས་མཚུངས་ལས་5.9%འཕར་ཡོད།
ཐོན་ལས་ཀྱི་དབྱེ་བ་ཕྱེ་ནས་བལྟས་ན། རིག་གནས་དང་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་53077ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་7.6%འཕར་བ་དང་། གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཡོངས་ཀྱི་གཉེར་སྐྱོང་ཡོང་འབབ་ཀྱི་བསྡུར་ཚད་53.3%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9འཕར་ཡོད། རིག་གནས་སྡེབ་ཚོང་དང་སིལ་ཚོང་ལས་རིགས་དང་རིག་གནས་བཟོ་སྐྲུན་ལས་རིགས་ལ་ཚོང་གཉེར་ཡོང་འབབ་བྱུང་ཚད་ལོ་གོང་མའི་དུས་མཚུངས་ལས་4.4%དང་3.9%སོ་སོར་འཕར་ཡོད།
ལས་རིགས་ཀྱི་དབྱེ་བ་ཕྱེ་ནས་བལྟས་ན། རིག་གནས་ཀྱི་སྒྲིག་ཆས་ཐོན་སྐྱེད་དང་། གསར་འགྱུར་ཆ་འཕྲིན་ཞབས་ཞུ། ནང་དོན་གསར་གཏོད་ཐོན་སྐྱེད། རིག་གནས་མ་འཇོག་གཉེར་སྐྱོང་བཅས་ལས་རིགས་བཞིའི་ཚོང་གཉེར་ཡོང་འབབ་ཅུང་མགྱོགས་པོ་འཕར་ནས་10.0%དང་། 8.2% 7.2% 6.9%བཅས་ཡིན་པ་རེད། ལས་རིགས་འབྲིང་གྲས་43ཁྲོད་ལས་རིགས་33ལ་ཚོང་གཉེར་ཡོང་འབབ་བྱུང་ཚད་དེ་དུས་མཚུངས་ལས་འཕར་ཡོད་པ་རེད།
རིག་གནས་ཀྱི་ལས་རྣམ་གསར་པའི་ལས་རིགས་མགྱོགས་མྱུར་འཕར་ནས་རིག་གནས་ཁེ་ལས་མང་དུ་འགྲོ་བར་ལེགས་སྐྱེས་འབུལ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རིག་གནས་ཀྱི་ལས་རྣམ་གསར་པའི་ཁྱད་ཆོས་ཅུང་མངོན་གསལ་དོད་པའི་ལས་རིགས་ཆུང་གྲས་16ལ་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་41616བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་10.0%འཕར་ཡོད་པ་རེད།
(བསྟན་འཛིན་བཟང་མོས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)