《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月02日

གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་42.9%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་མདོག་ལྡན་ལྕགས་རིགས་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་མདོག་ལྡན་ལྕགས་རིགས་བཟོ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་པོའི་ངང་འཕར་ནས་ཐོན་རྫས་གཙོ་བོའི་ཐོན་ཚད་དང་མ་འཇོག་འཕར་བ་དང་ཁེ་སྤོགས་ཀྱི་བསྡོམས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་ཁེ་ལས་ཀྱི་བཟོ་ལས་འཕར་ཐང་9.7%འཕར་བ་དེ་བཟོ་ལས་ཁྱབ་ཁོངས་ལས་བརྒྱ་ཆའི་གྲངས་3.9ཡིས་མཐོ་བ་ཡོད་པ་དང་མདོག་ལྡན་ལྕགས་རིགས་སྣ་ཁ་10ཡི་ཐོན་ཚད་ཏུན་ཁྲི་5874ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད།

གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་མདོག་ལྡན་ལྕགས་རིགས་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་24.4%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་བཟོ་ལས་མ་འཇོག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་12.1གིས་མཐོ་བ་ཡོད།

ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཆ་ཅུང་ཆེ་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་མདོག་ལྡན་ལྕགས་རིགས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2710.6ཟིན་པ་དེ་དུས་མཚུངས་ལས་8.7%འཕར་ཡོད།

གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས་མངོན་གསལ་དོད་པོས་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་བཟོ་ལས་ཁེ་ལས་11464ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་2949.7བྱུང་བ་དེ་དུས་མཚུངས་ལས་42.9%འཕར་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)