《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月02日

ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས།

《གྲ་སྒྲིག་དམག་ཞབས་མི་སྣར་དོ་དམ་བྱ་རྒྱུའི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ《གྲ་སྒྲིག་དམག་ཞབས་མི་སྣར་དོ་དམ་བྱ་རྒྱུའི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་རེད།

《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲ་སྒྲིག་དམག་ཞབས་མི་སྣའི་བཅའ་ཁྲིམས》དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་པ། སྟོན་ཕྱོགས་ཁ་གསལ་དང་། རིམ་པ་ཁ་གསལ། བརྒྱུད་རིམ་ཆ་ཚང་བཅས་ཀྱི་དུས་རབས་གསར་པའི་གྲ་སྒྲིག་དམག་ཞབས་མི་སྣའི་དོ་དམ་ལམ་ལུགས་ཀྱི་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་པ། གྲ་སྒྲིག་དམག་ཞབས་མི་སྣ་གདམ་གསེས་གནས་སྤར་ཁ་གསབ་དང་། གོ་མིང་སྤྲོད་སྤོར། ལས་གནས་དང་ལས་འགན་བསྐོ་སྤྱོད། སློབ་གསོ་གསོ་སྦྱོང་། དཔྱད་ཞིབ། ཐོབ་ཐང་འགན་ལེན། གྲ་སྒྲིག་དམག་ཞབས་ནས་ཕྱིར་འཐེན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲ་སྒྲིག་དམག་ཞབས་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་འདེགས་སྐྱོར་བྱས་ཡོད་པ་རེད།

《གྲ་སྒྲིག་དམག་ཞབས་མི་སྣར་དོ་དམ་བྱ་རྒྱུའི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེ་ནི་དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དེས་གྲ་སྒྲིག་དམག་ཞབས་མི་སྣའི་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གྲ་སྒྲིག་དམག་ཞབས་མི་སྣའི་དཔུང་ཁག་མགྱོགས་མྱུར་སྦྱོང་བརྡར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)