འདི་ག་ཚགས་པར་ཁང་དུ་ཀྲུའུ་ཀྲོའུ་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། བྱང་སྐར་སྤུན་བདུན་ཁྱབ་ཆེན་པོས་བཀོལ་སྤྱོད་བྱེད་པའི་རྒྱལ་སྤྱིའི་དབུ་ཚོགས་སྐབས་གསུམ་པ་ཟླ་10ཚེས་24དང་25ཉིན་ཧུའུ་ནན་ཀྲུའུ་ཀྲོའུ་རུ་འཚོགས་ཤིང་། སྐབས་འདིའི་དབུ་ཚོགས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་རེད། ཁང་གཉིས་ཀྱི་ཡོན་ཧྲི་9དང་དེ་བཞིན་ཁེ་ལས་དང་། མཐོ་སློབ། ཚན་ཞིབ་སློབ་གླིང་། ལས་རིགས་མཐུན་ཚོགས། རྒྱལ་ཕྱིའི་འཐུས་མི་བཅས་དབུ་ཚོགས་ལ་ཞུགས་ཡོད་པ་རེད།
དབུ་ཚོགས་སུ“འཛམ་གླིང་དང་ལྷན་དུ་གནས། བྱང་སྐར་སྤུན་བདུན་དང་མཉམ་དུ་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བྱང་སྐར་སྤུན་བདུན་ཁྱབ་ཆེན་པོས་བཀོལ་སྤྱོད་ཐོན་ལས་ཅན་གྱི་གླེང་སྟེགས་དང་ཀྲུང་དབྱང་ཁེ་ལས་ཀྱི་བྱང་སྐར་སྤུན་བདུན་ཁྱབ་ཆེན་པོས་བཀོལ་སྤྱོད་ཀྱི་གླེང་སྟེགས་སོགས་ཆེད་དོན་གླེང་སྟེགས་གཉེར་བ་དང་འབྲེལ་རིག་གཞུང་སྤེལ་རེས་ཐེངས་མང་བྱས་པ་རེད། ཚོགས་འདུའི་རིང《བྱང་སྐར་སྤུན་བདུན་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཤ་སྔོན་པོའི་དེབ(2024ལོ)》དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། རྒྱབ་ཤ་སྔོན་པོའི་དེབ་ནང་བྱང་སྐར་སྤུན་བདུན་མ་ལག་གི་ཞབས་ཞུ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་རྒྱལ་ཁབ་130ལྷག་ཙམ་ལ་ཕྱིར་གཏོང་བྱས་ཟིན་ཚུལ་འཁོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་ཚད་གཞི་བཟོ་བའི་ལས་དོན་ལ་ཧུར་ཐག་ཞུགས་ནས་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་དང་འབྲེལ་བའི་རྒྱལ་སྤྱིའི་ཚད་གཞི་མང་པོ་ཞིག་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་དང་། སྲུང་སྐར་འཚོལ་སྐྱོབ། མཚོ་དོན། སྒུལ་བདེའི་འཕྲིན་གཏོང་སོགས་འགག་རྩའི་ཁྱབ་ཁོངས་མང་པོའི་ཐོན་ལས་འཕེལ་རྒྱས་དང་བཀོལ་སྤྱོད་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། ད་རེས་ཀྱི་ཚོགས་འདུའི་རིང་ད་དུང་འཁོར་རིགས་ཀྱི་རིག་ནུས་སྐྱེལ་འདྲེན་དོ་དམ་དང་། འཕྲལ་སྡོམ་གེགས་སེལ། རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་དོ་དམ། གནད་སྨིན་ཞིང་ལས། རིག་ནུས་གྲོང་ཁྱེར་བཅོས་སྐྱོང་སོགས་དང་འབྲེལ་བའི“བྱང་སྐར་སྤུན་བདུན་བཀོལ་སྤྱོད་ཀྱི་ལྗོངས་རྣམ་དཔེ་མཚོན་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་པ་རེད།
དབུ་ཚོགས་ཐོག་ཁེ་ལས་མང་པོ་ཞིག་ཐོན་ལས་འབྲེལ་མཐུད་བྱེད་སྒོར་ཞུགས་པར་གདན་དྲངས་ཏེ་རྣམ་གྲངས་142ལ་གན་རྒྱ་བཞག་ནས་ཡོངས་བསྒྲགས་བྱས་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་582བཏང་ཡོད་པ་རེད།
དབུ་ཚོགས་སུ་ཐོ་འགོད་ཁང་དང་སྨི་ངོས་གྲུ་ཁྲི་1.2ཟིན་པའི་ཁང་པའི་ནང་གི་ལྗོངས་རྣམ་དཔེ་སྟོན་ཁུལ་བཙུགས་ནས། བྱང་སྐར་སྤུན་བདུན་གྱི་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། ཉེར་སྤྱོད་གསར་པ་བཅས་མངོན་པར་བྱས་ཏེ། ཚན་རྩལ་གྱི་ཚོར་སྣང་དང་། དབྱིངས་ཞུགས་ཀྱི་ཚོར་སྣང་། འཇུག་འཐུས་ཀྱི་ཚོར་སྣང་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་པ་རེད།
(བསྟན་བློས་བསྒྱུར། པ་ཕན་དང་བསྟན་བློས་ཞུས)