《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月01日

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས“བཅུ་གཅིག་ཟུང”གི་དྲ་རྒྱའི་གཅིག་སྡུད་བྲིན་སྐུལ་ཚད་ལྡན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། བྲིན་སྐུལ་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས“བཅུ་གཅིག་ཟུང”རིང་གི་དྲ་རྒྱའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོར《“བཅུ་གཅིག་ཟུང”གི་དྲ་རྒྱའི་གཅིག་སྡུད་བྲིན་ཚོང་གི་ཚད་གཞི་དང་མཐུན་དགོས་པའི་དྲན་སྐུལ》ཁྱབ་བསྒྲགས་བྱས་ནས། འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་པོ་བྱེད་པ་དང་། བྲིན་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། བརྡ་ཁྱབ་ཀྱི་ནང་དོན་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ། ཐད་གཏོང་བྲིན་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཚོང་ཟོག་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ལ་བླང་བྱ་བཏོན་ཡོད།

དྲ་རྒྱའི་འཛད་སྤྱོད་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་འོས་འཚམ་བྱ་ཆེད། དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོས་འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱས་ནས། ཞུ་གཏུག་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་ནུས་ལྡན་བྱས་ཏེ། འཛད་སྤྱོད་པར་གཞོགས་འདེགས་ཧུར་ཐག་གིས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ལས་སྟེགས་གཉེར་སྐྱོང་བས་དྲ་ཐོག་ནས་ཉོས་པའི་དངོས་ཟོག་ཉིན་བདུན་ནང་རྒྱུ་མཚན་གང་ཡང་མེད་པར་ཕྱིར་སློག་བྱེད་པ་དང་ཐོན་རྫས་ཀྱི“འགན་ལེན་གསུམ”སོགས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་མིན་ལྟ་སྐུལ་བྱེད་དགོས། ལས་སྟེགས་གཉེར་སྐྱོང་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོས་འབྲེལ་ཡོད་སྒྲིག་སྲོལ་དེ་བས་ཁ་གསལ་དུ་གཏོང་བ་དང་། ཚོང་པའི་བསམ་འཆར་ནན་ཏན་ཉན་པ། འབྲེལ་ཡོད་སྒྲིག་སྲོལ་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཚོང་པའི་རང་བརྟེན་གཉེར་སྐྱོང་དབང་ཆར་བརྩི་འཇོག་གང་ལེགས་བྱེད་དགོས། ཚོང་པས་རྒྱུ་མཚན་ཞུ་འབུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་པས་བཏོན་པའི་ལུགས་མཐུན་གྱི་རེ་ཞུར་དུས་ཐོག་ཏུ་ལན་འདེབས་དགོས།

ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས“བཅུ་གཅིག་ཟུང”རིང་། རྒྱ་ཆེའི་འཛད་སྤྱོད་པས་ལུགས་མཐུན་ངང་འཛད་སྤྱོད་བྱས་ནས། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་འགལ་བྱེད་སྤྱོད་འཕྲད་སྐབས་ཁྲོམ་ར་ལྟ་འདོམས་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་ཞུ་གཏུག་ཐེར་འདོན་བྱས་ཏེ་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

(པད་ཆོས་བསྒྱུར། ཉི་དོན་གྱིས་ཞུས)