འདི་ག་ཚགས་པར་ཁང་དུ་ཧྲེན་དབྱང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལེའོ་ཉིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ནུས་ཤོར་རྒན་རྒོན་གྱི་འཚོ་བ་ལེགས་སུ་ཏན་ཏིག་གཏོང་ཆེད། ཚེས29ཉིན་ནས་2027ལོའི་ལོ་མཇུག་བར། ལེའོ་ཉིང་གིས་ནུས་ཤོར་རྒན་རྒོན་ལ་བདེ་ཐང་ཞབས་ཞུའི་བྱ་སྤྱོད་སྤེལ་རྒྱུ་རེད།
མིག་སྔར། ལེའོ་ཉིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ལེའོ་ཉིང་ཞིང་ཆེན་གྱི་ནུས་ཤོར་རྒན་རྒོན་ལ་བདེ་ཐང་ཞབས་ཞུའི་བྱ་སྤྱོད་སྤེལ་བའི་ལག་བསྟར་ཇུས་གཞི》བཟོས་པ་དང་། ཇུས་གཞིར་ལྟར་ན། ད་ཐེངས་ཀྱི་ནུས་ཤོར་རྒན་རྒོན་ལ་བདེ་ཐང་ཞབས་ཞུའི་བྱ་སྤྱོད་སྤེལ་བའི་ཞབས་འདེགས་ཞུ་ཡུལ་ནི་རེ་འདུན་ཞུ་མཁན་གྱི་ལོ་65དང་དེ་ཡན་གྱི་ཁྱིམ་ལུས་ནུས་ཤོར་རྒན་རྒོན་རེད། ཞབས་འདེགས་ཞུ་མཁན་ནི་ཞབས་ཞུའི་ནུས་པ་ལྡན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རེད། ཞབས་ཞུའི་བྱ་སྤྱོད་སྤེལ་རིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ནུས་ཤོར་རྒན་རྒོན་ལ་འཚོ་བ་སྐྱེལ་སྟངས་དང་བདེ་ཐང་གནས་ཚུལ་ཚོད་སྐོར་དང་། གཟུགས་པོ་བརྟག་དཔྱད། ཀྲུང་ལུགས་གསོ་རིག་གི་གཟུགས་གཞི་བརྟག་དཔྱད་དང་ལུས་ཁམས་བདེ་སྲུང་ཁྲིད་སྟོན་སོགས་ཞབས་ཞུ་ལོ་རེར་ཐེངས་གཅིག་མཁོ་འདོན་བྱ་རྒྱུ་རེད། གྲོང་ཁྱེར་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རེ་འདུན་ཞུ་མཁན་གྱི་རྒན་རྒོན་ལ་ནུས་ཤོར་གནས་ཚུལ་ཚོད་སྐོར་བྱས་ནས། ཁྱིམ་དུ་བསྐྱོད་དེ་ནུས་ཤོར་རྒན་རྒོན་ལ་ཁྲག་ཤེད་ལྟ་བ་དང་། ཁྲག་མངར་འདུས་ཚད་བརྟག་དཔྱད། ནད་གསོའི་མཛུབ་ཁྲིད། ནད་གཡོག་རྩལ་ནུས་མཛུབ་ཁྲིད། འཚོ་བཅུད་ལེགས་གཏོང་མཛུབ་ཁྲིད། སེམས་ཁམས་རྒྱབ་སྐྱོར་སོགས་ཀྱི་ཞབས་ཞུ་ལོ་རེར་ཐེངས་གཉིས་ཡན་མཁོ་འདོན་བྱ་རྒྱུ་རེད།
སྨན་བཅོས་སྒྲིག་གཞི་ཁག་གིས་ནུས་ཤོར་རྒན་རྒོན་ནམ་ཡང་ན་ཁོ་ཚོའི་ལྟ་སྐྱོང་བར་དུས་བཀག་ལྟར་རང་འགུལ་ངང་འབྲེལ་བ་བྱས་ཏེ། ནུས་ཤོར་རྒན་རྒོན་གྱི་བདེ་ཐང་གནས་ཚུལ་དང་བདེ་ཐང་ཞབས་ཞུའི་དགོས་མཁོ་ཤེས་རྟོགས་བྱས་ནས། དམིགས་སའི་རང་བཞིན་ལྡན་པའི་བདེ་ཐང་མཛུབ་ཁྲིད་དང་བདེ་ཐང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
(ཟླ་ཕུར་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)