《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月31日

བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་།

ཕྱུག་འགྱུར་ལམ་བུ་ཡངས། འཚོ་བ་གསར་པར་རོལ།

འདི་ནི་སྲོང་བཙན་ལམ་ནས་པར་བརྒྱབ་པའི་སློང་མདའ་གྲོང་ཚོའི་རྣམ་པ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་གི་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

ཕྱོགས་བཞིར་སྔོ་ལྗང་རི་བོས་བསྐོར། གསེར་མདོག་ཅན་གྱི་སྙེ་མའི་མགོ་ལྕོག་ལྡེམ། བརྔ་བསྡུ་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད། དགའ་སྤྲོའི་དགོད་སྒྲས་འཚོ་བ་གསར་པར་བཅངས་པའི་ཕུགས་འདུན་མཚོན།

རྫོགས་ལྡན་དུས་སུ། འཕྲིན་སྤེལ་ཚོགས་ཆུང་ལྷ་ས་ནས་རླངས་འཁོར་བསྡད་དེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་ཆས་པ་ཡིན། འགྲུལ་བཞུད་བྱེད་མཁན་རླངས་འཁོར་མང་བའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤང་གི་ས་ཁོངས་ནས་བརྒྱུད་པ་དང་། ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་འགྲམ་དུ་ཁྲོན་བོད་གཞུང་ལམ་ཡོད་ཅིང་། ཡུལ་མི་ཚོས་འདྲུད་འཐེན་འཕྲུལ་འཁོར་ནང་ཚར་མ་བྱུར་བུར་བླུགས་ནས་དགའ་སྤྲོའི་ངང་སྐྱོད་བཞིན་འདུག

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གིས་རྒྱལ་ལམ་ཉེ་འགྲམ་དུ་ཡོད་པ་དང་། ལོ་རྒྱུས་རིག་གནས་གཏིང་ཟབ་པ། གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག གྲོང་མིས་སྐྱེལ་འདྲེན་ལས་ལ་གཞོལ་བ་དང་འཕྲུལ་ཆས་བོགས་མར་གཏོང་བའི་ལས་དོན་སྤེལ་རྒྱུར་ལྕག་སྐུལ་བྱས་ནས། མང་ཚོགས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་ཕྱུག་འགྱུར་ཡོང་བར་བྱས་ཡོད།

སྐྱེལ་འདྲེན་ལས་ལ་བརྟེན་ནས་བཅོ་ལྔ་ཡིས་2022ལོར་ཁང་པ་གསར་པ་བརྒྱབ་ཅིང་། ཁང་པ་གསར་པར་ཁང་མིག་11ཡོད་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་240ཡོད། འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བས་ནང་མི་བཞི་པོ་དགའ་སྤྲོ་མཉམ་འཛོམས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད།

བཅོ་ལྔ་ཡིས“དེ་སྔ་ཁྱིམ་དུ་ང་གཅིག་པུས་གླ་པ་རྒྱུག་ནས་འཚོ་བ་སྐྱེལ་དགོས་སྟབས་ལྟོ་གོས་འཕྱིས་ཙམ་ལས་མེད། ཁང་པ་རྙིང་པ་ནི་2012ལོར་རྒྱལ་ཁབ་ཀྱིས་དངུལ་བཏང་ནས་སྐྲུན་རོགས་བྱས་པ་ཞིག་རེད”ཅེས་བརྗོད།

2014ལོར་སྐྱེལ་འདྲེན་ལས་ལ་མདུན་ལམ་ཡག་པོ་ཡོད་པ་མཐོང་སྟེ་བཅོ་ལྔ་ཡིས་གྲོགས་པོའི་ས་ནས་དངུལ་གཡར་བ་དང་དངུལ་ཁང་ནས་དངུལ་བུན་གཡར་ཏེ་ལྗིད་ཐེག་རླངས་འཁོར་ཞིག་ཉོས་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད། 2022ལོར་སླེབས་སྐབས་ཁོང་གིས་བསགས་པའི་དངུལ་གྱིས་རྐོ་འདྲུའི་འཕྲུལ་འཁོར་དང་འདེགས་འཁོར་ཉོས་པ་མ་ཟད། ད་དུང་ཁང་པ་གསར་པ་ཡང་བརྒྱབ་ཡོད།

དྲིན་ཚོར་ཤེས་པའི་བཅོ་ལྔ་ཡིས་དེ་གོང་སྲིད་གཞུང་གིས་ཁོང་ལ་སྐྲུན་རོགས་བྱས་པའི་ཁང་མིག་བཞིའི་རྨང་གཞིའི་ཐོག་ཁང་པ་རྒྱས་སྐྲུན་བྱས། ཁོང་གིས“ལོ་དེ་དག་ནང་ང་ཚོའི་འདི་གར་འཕེལ་རྒྱས་ཧ་ཅང་མགྱོགས་པོ་ཕྱིན་པ་དང་ལམ་ཡག་ཏུ་ཕྱིན་པ་མ་ཟད། སྒོ་རྩར་ཁེ་ལས་ཀྱང་བཙུགས་ཡོད། དེ་ཚོ་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རང་ཡིན། ཕྱིས་འབྱུང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྔར་བས་ཡག་པོ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

2009ལོར་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིས“ཁེ་ལས་དང་ཞིང་དུད་ཟུང་དུ་འབྲེལ་བའི”གསར་སྤེལ་བྱེད་སྟངས་ཐོག་མར་བཏོད་དེ། མ་དངུལ་སྒོར་ཁྲི་1900བཏང་ནས་རྒྱ་མ་ཤང་གི་རླངས་འཁོར་རུ་ཁག་ཉོས་པ་དང་། ཁེ་ལས་ཀྱིས་མ་དངུལ་གཏོང་བ་དང་གྲོང་མི་མ་རྐང་ནང་ཞུགས་པའི་བྱ་ཐབས་བརྒྱུད་རྒྱ་མ་བཟོ་ཚོང་ཀུང་སི་བཙུགས་ནས་གཏེར་ཁ་སྐྱེལ་འདྲེན་དང་། ཁོར་ཡུག་སྲུང་སྐྱོབ། ངལ་ནུས་འགན་གཙང་ལེན་པ་སོགས་ཀྱི་ལས་སྒོ་གཉེར་བར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་དུང་ཕྱུར་3.7བྱུང་ནས“ཁེ་ལས་འཕེལ་རྒྱས་ཕྱིན་པ་དང་། མི་སེར་ལ་ཕན་འབྲས་དངོས་ཐོབ་པ། ས་གནས་ཀྱི་དཔལ་འབྱོར་སྐས་རིམ་གསར་པར་སླེབས་པ”བཅས་ཕྱོགས་གསུམ་ཀར་ཕན་པ་ཐོབ་ཡོད།

“ང་ཚོའི་གྲོང་ཚོར་ལྗིད་ཐེག་རླངས་འཁོར་97དང་འཕྲུལ་ཆས་ཆ་ཚང་13ཡོད་པས་ལས་ཞུགས་ཐུབ་ཚད་70%ལྷག་ཙམ་ཟིན་གྱི་ཡོད། ན་ནིང་གྲོང་མིས་མ་རྐང་ནང་ཞུགས་པའི་རྒྱ་མ་བཟོ་ཚོང་ཀུང་སི་དང་། རྒྱ་མ་གཡུ་མཚོ་གཅིག་སྡུད་འཕྲུལ་ཆས་བོགས་གཏོང་ཆེད་ལས་མཉམ་ལས་ཁང་། རྒྱ་མ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཞབས་ཞུ་ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་གྱིས་གྲོང་ཚོ་ཡོངས་ལ་བགོ་འགྲེམས་སྒོར་ཁྲི་170ལྷག་ཙམ་བརྒྱབ་ཡོད། འདི་ལོའི་ལོ་སྟོད་དུ་གྲོང་ཚོ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ལྷག་ཙམ་ཟིན་ཡོད”ཅེས་སློང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཕུན་ཚོགས་ཀྱིས་བརྗོད་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་ཤང་སྲིད་གཞུང་གི་སྤྱི་འདོམས་བརྒྱུད། འཕྲུལ་ཆས་བོགས་གཏོང་སྐྱེལ་འདྲེན་མཉམ་ལས་ཁང་བཙུགས་ཏེ་སྐྱེལ་འདྲེན་རླངས་འཁོར་མེད་པའི་ཁྱིམ་ཚང་325ཡིས་ཐུན་མོང་ཐོག་མ་དངུལ་བསྡུས་ནས་མ་རྐང་ནང་ཞུགས་པ་དང་འཕྲུལ་ཆས་11ཉོས་ཏེ་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡིན”ཞེས་བརྗོད།

ངག་དབང་ནི་སློང་མདའ་གྲོང་ཚོའི“རླངས་འཁོར་མེད་པའི་དུད་ཚང”གི་གྲས་ཡིན་པ་དང་རྒན་རྒོན་གཉིས་ཀྱིས་ས་ཞིང་འདེབས་པ་དང་ཕྱུགས་རིགས་གསོ་ཚགས་ལ་བརྟེན་ནས་སློབ་གྲྭ་ཆེ་མོ་བ་གཉིས་བསྐྱངས་ཡོད། ལོ་འདི་དག་རིང་ངག་དབང་གིས་སྲོང་བཙན་ལམ་དུ་འགྲོ་འོང་བྱེད་མཁན་རླངས་འཁོར་དང་སྐྱེལ་འདྲེན་ལས་ལ་གཞོལ་ནས་ཁེ་བཟང་རག་པའི་ཡུལ་མི་ཚོར་འཚམས་འདྲི་བྱེད་སྐབས་རང་ཉིད་ཀྱི་འབྱུང་འགྱུར་འཚོ་བར་མནོ་བསམ་གཏོང་བཞིན་ཡོད།

ད་ཆ་ངག་དབང་གི་བུ་དང་བུ་མོ་སྔ་རྗེས་སུ་སློབ་ཆེན་ཐོན་ནས་ལས་ཀ་རག་ཡོད། དངུལ་འབེལ་དུ་ཕྱིན་པའི་ངག་དབང་གིས“ད་ཐེངས་ང་ཚོ་ཡང་གྲོང་ཚོའི་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ནས་ཡོང་འབབ་རག་སོང་ན་ཁང་པ་གསར་པ་རྒྱག་གི་ཡིན”ཞེས་བརྗོད།

(རིག་རྡོར་གྱིས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)