《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月31日

ཞི་ཅིན་ཕིང་དང་ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མཱ་ཡིས་ཀྲུང་ཙན་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མཱ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་ཀྲུང་ཙན་དབར་གྱི་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་བརྒྱུད་མྱོང་བ་དང་སྔ་ཕྱི་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་མཐའ་འཁྱོངས་བྱས་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་མང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད། འདི་ལོའི་ཟླ་9པར། ཙུང་ཐུང་ཤིས་ཆི་ལའེ་མཱ་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་སྐབས་དེ་དུས་ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་བྱས་པ་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་ཙན་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་དང་། ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལག་གདང་སྦྲེལ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཙན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་ཀྲུང་ཙན་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་དེ་བས་དམ་ཟབ་འཛུགས་འདོད་ཡོད།

ཤིས་ཆི་ལའེ་མཱ་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་ནི་ཙན་ཀྲུང་འབྲེལ་བའི་ལམ་ཚད་ཀྱི་རྡོ་རིང་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། མཉམ་ལས་གཉིས་ཁེ། ཐུན་མོང་དར་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་རོགས་ཟླའི་འབྲེལ་བས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐན་ཙན་ལྕགས་ལམ་དང་ཞ་ཁའེ་ཧྥུའུ་མཚོ་འགག་ཆུ་ཤུགས་གློག་ཁང་སོགས་ཀྱི་མཉམ་ལས་རྣམ་གྲངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཙན་པི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་འགོ་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་བཏོད་ནས་ཙན་ཀྲུང་དབར་གྱི་ཡུན་རིང་གི་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

(རིག་འཛིན་རྡོ་རྗེ་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)