གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཀྲུང་གོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་བྱེད་པོ་ཁྲི་12ལྷག་ཙམ་ཟིན་ནས། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3000ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཕྱིའི་མཛོད་ཁང་2500ལྷག་ཙམ་བསྐྲུན་པ་དེའི་ནང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལ་ཞབས་འདེགས་ཞུ་བར་རྩེ་གཅིག་ཏུ་གཞོལ་བའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2200ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཕྱིའི་མཛོད་ཁང་1800ལྷག་ཙམ་ཡོད་པ་རེད།
རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལས་སྟེགས་གསར་པ་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཕྱིའི་མཛོད་ཁང་གིས་དེའི་བཀོད་པ་ལུགས་མཐུན་དང་ནུས་པ་འཐུས་སྒོ་ཚང་བའི་ཁྱད་ཆོས་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་དོན་ལ་འདེགས་སྐྱོར་གྱི་འགན་ལེན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་ཕྱིའི་མཛོད་ཁང་གིས་ཚོང་ཟོག་ཐོན་སྐྱེད་བྱ་ཡུལ་ནས་འཛད་སྤྱོད་ཁྲོམ་རའི་བར་གྱི་བར་ཐག་ཐུང་དུ་ནུས་ལྡན་བཏང་བ་དང་། ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ། གཉེར་སྐྱོང་གི་མ་གནས་དམའ་རུ་ཕྱིན་པ་བཅས་རེད།
དེ་དང་ཆབས་ཅིག ཞབས་འདེགས་ཡག་པོ་ཞུས་པ་བརྒྱུད། རྒྱལ་ཁབ་ཕྱིའི་མཛོད་ཁང་གི་མཛོད་ཉར་དང་། དབྱེ་གསེད། སྡེབ་སྐྱེལ། བཙོངས་རྗེས་སོགས་ཀྱི་ནུས་པ་གཞི་གཅིག་ཅན་དུ་གྱུར་པ་དང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་འགྲེམས་སྟོན་དང་སྒོ་ཁྲལ་གནས་ཞུ་སོགས་ཞབས་ཞུ་མང་པོ་ཚུད་པའི་ཕྱོགས་ཡོངས་ཀྱི་འགན་ལེན་ཐུབ་ནས། ས་གནས་དེ་གའི་འཛད་སྤྱོད་དང་ལས་ཞུགས་ཀྱི་དགོས་མཁོ་བསྐངས་པ་མ་ཟད། གནས་ཡུལ་རྒྱལ་ཁབ་དང་ས་ཁུལ་གྱི་མཛོད་འཇུག་ཟོག་འགྲེམས་དང་དྲ་ཐོག་ཚོང་དོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད།