ཟླ་དང་པོ་ནས་དགུ་པའི་བར།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་11721ཟིན་པ་དེ་དུས་མཚུངས་ལས་12.6%འཕར་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་9པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8475ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་6.4%དང་། 3.6% 12.7%བཅས་སོ་སོར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་དུས་མཚུངས་ལས་27.8%འཕར་ཡོད་པ་རེད།
ཟླ་དང་པོ་ནས་དགུ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་74094ཟིན་པ་དེ་དུས་མཚུངས་ལས་7.9%འཕར་བ་དང་། དེའི་ནང་ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1035ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་47385ཟིན་པ་དེ་དུས་མཚུངས་ལས་5.9%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་13953ཟིན་པ་དེ་དུས་མཚུངས་ལས་11.2%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་11721ཟིན་པ་དེ་དུས་མཚུངས་ལས་12.6%འཕར་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། གློག་ཤུགས་འཛད་སྤྱོད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ཟླ་8པ་དང་9པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ཀྱི་འཕར་ཚད་8%ལས་བརྒལ་ཡོད་པ་རེད།
(ཉི་དོན་གྱིས་བསྒྱུར)