འདི་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ཅིར་རྒྱལ་དོན་འཚམས་འདྲི་གནང་ནས་ལོ་10འཁོར་བའི་ལོ་ཡིན་ཞིང་། ལོ་10ཡི་རིང་། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་ཕན་པ་ཐོབ་ཡོད། ཧྥི་ཅིའི་ཡུལ་དེ་གའི་ལས་དོན་དང་། རིག་གནས། ཤུལ་བཞག སྒྱུ་རྩལ་བཅས་ཀྱི་པུའུ་ཀྲང་དབྱི་ཧྥེ་ལུའེ་སྨི·ཝ་སུའུ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཧྥི་ཅི་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་བྱས་པ་ལས་ཧྥི་ཅིའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད། ཐུན་མོང་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ་གཙང་མའི་ལག་རྩལ་ཁྱབ་གདལ། ཞིང་ལས་མཉམ་ལས་སོགས་བྱས་པ་བརྒྱུད་ཀྲུང་གོས་ཧྥི་ཅིའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་བརྗོད།
ཝ་སུའུ་ཡིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ནི་འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་གལ་ཆེན་ཞིག་ཡིན་པས་ཧྥི་ཅི་སྲིད་གཞུང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཧྥི་ཅིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་ཀྲུང་གོས་བཏོན་པའི“ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཀྱི་རྒྱལ་སྤྱིའི་ཉིན་མོ”གཏོད་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་ནས་ཀྲུང་གོ་དང་མཉམ་དུ་གྲོས་ཆོད་དོན་འཁྱོལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད། ཝ་སུའུ་ཡིས“ང་ཚོས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་སྒྲོམ་གཞིའི་འོག་ཀྲུང་གོ་དང་མཉམ་ལས་སྔར་བས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་རེ་བྱེད་ཀྱི་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧྥི་ཅིའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཝ་སུའུ་ཡིས། ཧྥི་ཅིས་རྒྱལ་ཁབ་ཀྱི་ཡིད་རྟོན་མངགས་བཅོལ་ཐེབས་རྩ་བཙུགས་པ་དེ་དག་རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག་རྣམ་གྲངས་ལ་ཆེད་མངགས་དོ་དམ་དང་སྲུང་སྐྱོང་བྱ་རྒྱུར་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས“རིག་གནས་ཤུལ་བཞག་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱེད་པའི་ཐད་ཀྲུང་གོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ང་ཚོས་ཀྲུང་གོ་ཕྱོགས་ཀྱི་རོགས་རམ་དེ་བས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
ཀྲུང་གོ་དང་ཧྥི་ཅིས་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་ཕྱོགས་གཉིས་པོའི་འབྲེལ་བར་བཀྲག་མདངས་འཚེར་ས་གསར་པ་བསྣན་ཡོད། ཝ་སུའུ་ཡིས། ཀྲུང་གོའི་ཁེ་ལས་ཀྱིས་ཉི་ནུས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱི་འཛུགས་སྐྲུན་གསར་སྤེལ་ནང་ཧུར་ཐག་ཞུགས་ནས་ཧྥི་ཅིའི་ནུས་རྒྱུའི་གྲུབ་ཆ་ལྗང་མདོག་ཅན་དུ་འགྱུར་མགྱོགས་སུ་གཏོང་བར་རོགས་རམ་བྱས་པ་ལས་སྲོལ་རྒྱུན་གྱི་འགྱུར་རྡོའི་ནུས་རྒྱུར་བརྟེན་ཤུགས་ནུས་ལྡན་ངང་ཆུང་དུ་བཏང་ཡོད། ཀྲུང་གོ་སྲིད་གཞུང་གིས་ད་དུང་ཧྥི་ཅིར་ཞིང་ལས་ལག་རྩལ་གྱི་རོགས་སྐྱོར་འབོར་ཆེན་བྱས་ནས་ཧྥི་ཅིའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རོགས་དང་འབྲུ་རིགས་བདེ་འཇགས་འགན་ལེན་མ་ལག་བརྟན་དུ་གཏོང་རོགས་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད། “མཉམ་ལས་རྣམ་གྲངས་དེ་དག་གིས་ཧྥི་ཅིའི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་གཞན་དག་ལའང་འཕེལ་རྒྱས་ཀྱི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད”ཅེས་ཝ་སུའུ་ཡིས་བརྗོད།
(འདི་ག་ཚགས་པར་ཁང་དུ་སུའུ་ཝ་ནས་འབྱོར་བའི་གློག་འཕྲིན)
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)