འདི་ག་ཚགས་པར་ཁང་དུ་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཚོང་དོན་པུའི་འཛད་སྤྱོད་སྐུལ་འདེད་སིའི་འགན་འཁུར་བས་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་གནས་ཚུལ་ངོ་སྤྲོད་བྱེད་སྐབས། ཟླ་9པར་འཛད་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་ནུས་ཕྱོད་རྒྱུན་ཆད་མེད་པར་ཐོན་ནས་འཛད་སྤྱོད་ཁྲོམ་ར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ཡོད་ཅེས་བརྗོད་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ཟླ་དེའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.11ཟིན་པ་དེ་དུས་མཚུངས་ལས་3.2%འཕར་བ་དང་། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.1གིས་མགྱོགས་པ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་35.36ཟིན་པ་དེ་དུས་མཚུངས་ལས་3.3%འཕར་ཡོད་པ་རེད།
རྙིང་ཚབ་གསར་བརྗེར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ཟླ་9པར་ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.67ཟིན་པ་དེ་དུས་མཚུངས་ལས་3.3%འཕར་བ་དང་། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.4ཡིས་མགྱོགས་པ་ཡོད།
ཞབས་ཞུའི་འཛད་སྤྱོད་ཅུང་མགྱོགས་པོ་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་6.7%འཕར་བ་དང་འཕར་ཚད་དུས་མཚུངས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་ལས་བརྒྱ་ཆའི་གྲངས་3.7གྱིས་མགྱོགས་པ་ཡོད་པ་དང་། དེའི་ནང་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.94ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། གྲོང་མི་མི་རེའི་ཆ་སྙོམས་སློབ་གསོ་རིག་གནས་རོལ་རྩེད་ཀྱི་འཛད་སྤྱོད་འགྲོ་གྲོན་དང་འགྲིམ་འགྲུལ་འཕྲིན་གཏོང་གི་འཛད་སྤྱོད་འགྲོ་གྲོན་དུས་མཚུངས་ལས་10.1%དང་10.0%སོ་སོར་འཕར་ཡོད་པ་རེད།
དྲ་ཐོག་དང་དྲ་ཕྱི་མཐུན་སྦྱོར་འཕེལ་རྒྱས་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། དྲ་ཐོག་འཛད་སྤྱོད་ཅུང་མགྱོགས་པོ་འཕར་བ་དང་། རྫས་གྲུབ་ཚོང་ཟོག་དྲ་ཐོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་7.9%འཕར་བ་དེས་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་གྱི་བསྡུར་གྲངས་བཟུང་ཚད་25.7%ཟིན་ཡོད་པ་རེད།
གྲོང་གསེབ་ཀྱི་འཛད་སྤྱོད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་ཤིང་། ཟླ་9པར། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་6068ཟིན་པ་དེ་དུས་མཚུངས་ལས་3.9%འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས་0.8ཀྱིས་མགྱོགས་པ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.77ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས་1.2ཀྱིས་མགྱོགས་པ་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་འགྲོ་གྲོན་དུས་མཚུངས་ལས་6.5%འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས་1.5ཡིས་མགྱོགས་པ་ཡོད་པ་རེད།
ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་ལ་མཛུབ་ཁྲིད་བྱས་ཏེ། བཏོན་ཟིན་པའི་འཛད་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ནུས་ཤུཌ་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “བཅུ་གཅིག་ཟུང”གི་འཛད་སྤྱོད་སྦྲེལ་ཚིགས་གལ་ཆེན་ལ་དམ་འཛིན་བྱས་ནས། རྙིང་ཚབ་གསར་བརྗེའི་མཁོ་སྤྲོད་འབྲེལ་མཐུད་དང་རྫོང་སྟོང་དང་གྲོང་རྡལ་ཁྲིའི་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་དུས་ཚིགས་དང“དར་གོས་ལམ་བུའི་སྤྲིན་རྫས”དྲ་ཐོག་ཚོང་དོན་དུས་ཆེན་སོགས་ཀྱི་འཛད་སྤྱོད་བྱེད་སྒོ་རྒྱུན་མཐུད་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)