འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཅུན།
ལོ་54ལ་སླེབས་པའི་ཀྲང་ཁའེ་ནི་ཧུའུ་པེའི་ཝུའུ་ཧན་གྲོང་ཁྱེར་ཧྲའེ་ཧུའུ་སློབ་འབྲིང་སློབ་ཆུང་པུའི་རྐང་རྩེད་སྤོ་ལོའི་དགེ་རྒན་ཞིག་ཡིན་པ་དང་། ཁོང་གིས་རྐང་རྩེད་སྤོ་ལོའི་སློབ་ཚན་ཁྲིད་ནས་ལོ་33སོང་ཡོད། 1991ལོར་སློབ་གྲྭར་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས་པ་ནས་བཟུང་། ཁོང་གིས་བློ་གཅིག་སེམས་གཅིག་གིས་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལས་ལ་གཞོལ་ཞིང་། གནམ་གཤིས་ལེགས་པའི་སྐབས་ཀྲང་ཁའེ་ཡིས་སློབ་མ་སྤོ་ལོ་ཐང་དུ་སྦྱོང་བརྡར་ལ་ཁྲིད་ནས་རྐང་རྩེད་སྤོ་ལོའི་ཤེས་བྱ་སློབ་པ་དང་། ཆར་པ་འབབ་སྐབས་ཁོང་གིས་སློབ་མ་སློབ་ཁང་གི་བར་ཁྱམས་སུ་རྒྱུག་ཤར་གློད་དུ་བཅུག་ནས་ཟུངས་ནུས་ཡག་ཏུ་གཏོང་གི་ཡོད།
“ངས་རྟག་ཏུ་ཕྲུ་གུ་ཚོར་འབད་བརྩོན་བྱས་ཚེ། ངེས་པར་ཡར་རྒྱས་ཡོང་ངེས་ཡིན་ལ་གྲུབ་འབྲས་བཟང་པོའང་ཐོབ་ངེས་ཡིན་པའི་སྐོར་ཤོད་ཀྱི་ཡོད”ཅེས་ཀྲང་ཁའེ་ཡིས་བཤད་པ་དང་། ཁོང་གིས་རྟག་ཏུ་སློབ་མ་ཁྲིད་དེ་འགྲན་བསྡུར་ནང་ཞུགས་སུ་བཅུག་སྟེ་འགྲན་ནུས་ལ་སྦྱོང་བརྡར་བྱེད་ཀྱི་ཡོད། ལོ་འགའི་གོང་། སློབ་གྲྭའི་རྐང་རྩེད་སྤོ་ལོའི་སྒྲིག་བཀོད་ཆ་མི་ཚང་བའི་ཁར་སྦྱོང་བརྡར་གྱི་འགྲོ་གྲོན་ཡང་འདང་ངེས་མེད་སྟབས། ཀྲང་ཁའེ་ཡིས་ཕྲུ་གུ་ཚོ་སྤྱི་སྤྱོད་རླངས་འཁོར་ནང་ཁྲིད་དེ་འགྲན་བསྡུར་ལ་བསྐྱོད་པ་དང་། ཝུའུ་ཧན་གྱི་ཆུས་ཁག་གི་བར་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱི་ཡོད།
ལོ་འདི་དག་རིང་། ཁོང་གིས་སྣེ་ཁྲིད་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། ཡིང་ཁོའུ“སྔོ་ལྗང་སྤོ་ལོའི་ཐང”བུམ་པའི་རྒྱལ་ཡོངས་ལོ་ཆུང་བྱིས་པའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱི་U8ཚོགས་ཆུང་གི་ཨང་དང་པོ་དང་། ཝུའུ་ཁྲང་ཆུས་ཀྱི་སློབ་ཆུང་སློབ་རྭའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་སྐབས་བཅུ་བཞི་པའི་སློབ་ཆུང་གི་སྐྱེས་པའི་ཀ་པ་ཚོགས་ཆུང་གི་ཨང་དང་པོ་སོགས་ཀྱི་གྲུབ་འབྲས་ཐོབ། དེ་དག་ལས་ཀྲང་ཁའེ་དང་ཁོང་གི་རུ་མི་ཆུང་ཆུང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་ཡོད།
སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཕྲུ་གུ་མི་ཉུང་བ་ནི་གྲོང་ཁྱེར་ནང་གླ་པ་རྒྱུག་མཁན་གྱི་བུ་ཕྲུག་ཡིན་པར་བརྟེན་ཀྲང་ཁའེ་ཡིས་ཁོང་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད། ཁོང་གི་གསོ་སྐྱོང་འོག་སློབ་མ་ཁག་གཅིག་རྒྱལ་ཁབ་ཀྱི་ལོ་ཆུང་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཚུད་དེ་ལས་རིགས་ཀྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་དུ་གྱུར་ཞིང་། “སློབ་མ་ཏེང་ཡོན་ཙེ་ཀྲུང་གོའི་U12ལོ་ཆུང་བྱིས་པའི་རྐང་རྩེད་སྤོ་ལོའི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཞུགས་པ་དང་། སློབ་མ་ཡུས་ཐེན་ལེ་ཀྲུང་གོའི་U13གྱི་ལོ་ཆུང་བྱིས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་ཡོད”ཅེས་རང་ཉིད་ཀྱི་སློབ་མ་ཕུལ་བྱུང་ཚོའི་སྐོར་གླེང་སྐབས་ཀྲང་ཁའེ་ཡིས་ཁྱིམ་ནོར་རྩ་ཆེན་བཞིན་རེ་རེ་བགྲངས་ནས་ངོ་གདོང་ལས་སྤོབས་ཉམས་ཤིག་ངང་གིས་འཕྱུར།
ལོ་འཁོར་མོར་ཕྱི་རོལ་དུ་སྦྱོང་བརྡར་བྱས་པས་ཀྲང་ཁའེ་ཡི་ཤ་རྩི་ཧ་ཅང་ནག་ཏུ་སོང་ཡོད། ཁོང་གི་རྐང་པ་གཡོན་མ་འཐེང་ནའང་ད་དུང་དམ་འཛིན་ལྷོད་མེད་ཀྱིས་སློབ་ཚན་འཁྲིད་ཀྱི་ཡོད། “ན་ཚ་རྙིང་པ་འདི་ནི་ལོ་ན་ཆུང་དུས་སྦྱོང་བརྡར་བྱེད་དྲགས་པ་ལས་བྱུང་བ་ཡིན”ཞེས་ཀྲང་ཁའེ་ཡིས་བཤད་ཅིང་། ཁོང་གིས་དུས་རྒྱུན་སྦྱོང་བརྡར་ལ་བྲེལ་ནས་ནད་བཅོས་ཁོམ་མ་བྱུང་སྟབས་རིམ་བཞིན་མཁལ་འགྲམས་ནད་ཚབས་ཆེན་ཕོག་སྟེ་དགོང་མོ་ཉལ་ཁྲིའི་སྟེང་ཤང་ངེར་ཉལ་ཐབས་བྲལ་ཡོད་ཅེས་བཤད།
དེ་ལྟའི་ན་ཟུག་གིས་ཀྲང་ཁའེ་ཡི་རྐང་རྩེད་སྤོ་ལོའི་སློབ་ཚན་ལ་འགོག་རྐྱེན་བཟོ་ཐུབ་མེད། ཁོང་གིས་རྟག་ཏུ་དུས་ཚོད་བཙལ་ཏེ་ས་གནས་ཁག་གི་སྦྱོང་བརྡར་ནང་ཞུགས་ནས་རང་ཉིད་ཡར་རྒྱས་གཏོང་བ་དང་། སྦྱངས་པའི་རྐང་རྩེད་སྤོ་ལོའི་ཤེས་བྱ་དང་རྩལ་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་སློབ་མ་རྣམས་ལ་སློབ་ཀྱི་ཡོད།
“རྐང་རྩེད་སྤོ་ལོ་ནི་ས་བོན་དང་འདྲ། ང་ཚོའི་ལས་འགན་ནི་ས་བོན་དེ་ཕྲུ་གུ་ཚོའི་སེམས་སུ་བཏབ་ནས་རྐང་རྩེད་སྤོ་ལོར་དགའ་བའི་བསམ་པ་ནམ་ཡང་མི་ཉམས་པར་བྱེད་དགོས། ནམ་ཞིག་སྔོ་ལྗང་སྤོ་ལོའི་ཐང་དུ་ས་བོན་དེ་དག་ལས་རྣམ་པར་བཀྲ་བའི་མེ་ཏོག་བཞད་ངེས”རེད་ཀྲང་ཁའེ་ཡིས་བཤད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)