འདི་ག་ཚགས་པར་གྱི་གསར་འགོད་པ། དབྱི་ཧྲུའུ་རེན།
གྲོང་གསེབ་ཀྱི་ས་མིང་ཁྲི་45ལ་ཚད་ལྡན་གྱི་མིང་བཏགས་པ་དང་གྲོང་གསེབ་ཀྱི་ས་མིང་ཁྲི་900ལྷག་ཙམ་དྲ་སྦྲེལ་གྱི་ས་བཀྲའི་ལས་སྟེགས་ཐོག་ཚད་ལྡན་གྱི་རྟགས་བཀོད་དེ་པར་རིས་བཏོན་པ་དང་། རྒྱལ་ཡོངས་ཀྱི་རིགས་ཁག་གི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་བཀོད་ཁྲི་41ཟིན་པའི་ནང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་བཀོད་ཁྲི་36.9ཟིན་པ་ལ་སོགས་ཟླ་10ཚེས་21ཉིན་དམངས་སྲིད་པུའུ་ཡིས“དམངས་སྲིད་ཀྱི་ལོ་ལྔ་པོའི”རིམ་སྤེལ་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་ཁུལ་དབྱེའི་ས་མིང་གི་ལས་དོན་དང་། ན་རྒན་གྱི་ལས་དོན། རྒན་གསོའི་ཞབས་ཞུའི་ལས་དོན། བྱིས་པའི་ཕན་བདེའི་ལས་དོན་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་ངོ་སྤྲོད་བྱས་པ་རེད།
ས་མིང་དོ་དམ་ནི་སྤྱི་ཚོགས་བཅོས་སྐྱོང་གྱི་གྲུབ་ཆ་གལ་ཆེན་དང་དམངས་སྲིད་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད། “ད་ཕན་ལོ་ཤས་རིང་ང་ཚོས《ས་མིང་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་དང་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་ས་མིང་དོ་དམ་ཞབས་ཞུ་དང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད”ཅེས་དམངས་སྲིད་པུའི་ཁུལ་དབྱེའི་ས་མིང་སིའི་སི་ཀྲང་གཞོན་པ་ཝང་ཞའོ་ཏུང་གིས་ངོ་སྤྲོད་བྱས་པ་དང་། “གྲོང་གསེབ་ཀྱི་གྲགས་ཅན་བྱ་སྤྱོད”སྤེལ་བ་ནས་བཟུང་2024ལོའི་ཟླ་10པའི་ཟླ་དཀྱིལ་བར་རྒྱལ་ཡོངས་ཀྱིས་གྲོང་གསེབ་ཀྱི་ས་མིང་ཁྲི་45ལ་ཚད་ལྡན་གྱི་མིང་བཏགས་པ་དང་། གྲོང་གསེབ་ཀྱི་ས་མིང་མཚོན་རྟགས་ཁྲི་35བཙུགས་པ། ཐོག་ཁང་གི་སྒོ་བྱང་ཁྲི་1450བསྒར་བ། གྲོང་གསེབ་ཀྱི་ས་མིང་ཁྲི་900ལྷག་ཙམ་དྲ་སྦྲེལ་གྱི་ས་བཀྲའི་ལས་སྟེགས་ཐོག་ཚད་ལྡན་གྱི་རྟགས་བཀོད་དེ་པར་རིས་བཏོན་པ་བཅས་བྱས་ཡོད། གཞན་ཡང་། ཀྲུང་གོ·རྒྱལ་ཁབ་ས་མིང་ཆ་འཕྲིན་མཛོད་དུ་གྲངས་གཞི་ཁྲི་1400ལྷག་ཙམ་བསྡུས་པ་དང་གོམ་སྟབས་རྗེས་མར་མུ་མཐུད་གསར་བརྗེ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
མི་འབོར་ན་རྒན་ཅན་ནི་སླད་ཕྱིན་དུས་ཡུན་རིང་ཙམ་ཞིག་གི་རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་རེད། དམངས་སྲིད་པུའི་ན་རྒན་ལས་དོན་སིའི་སི་ཀྲང་གཞོན་པ་ལེའོ་མིང་གིས་རང་རྒྱལ་གྱི་ན་རྒན་སྲིད་ཇུས་དང་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་གྱི་འགན་ལེན་ལམ་ལུགས་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་འགན་ལེན་ཆུ་ཚད་མཐོ་རུ་བརྟན་པོ་བཏང་བ་དང་། རྒན་རྒོན་ཚོ་སྤྱི་ཚོགས་ནང་ཞུགས་པའི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་པ། རྒན་རྒོན་གྱི་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་དམངས་སྲིད་པུའུ་ཡིས་ན་རྒན་གྱི་ལས་དོན་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒན་རྒོན་གྱི་ངལ་རྩོལ་དང་། ལས་ཞུགས། ལས་གཏོད་བཅས་ཀྱི་ཁེ་དབང་འགན་ལེན་བྱས་ཐོག‘དྲུག་ཅུ་དབུ་དཀར་གྱི་བྱ་སྤྱོད’ཀྱི་གཞི་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་རེད”ཅེས་བཤད།
རྒན་གསོའི་ཞབས་ཞུའི་ཐད་དམངས་སྲིད་པུའུ་རྒན་གསོ་ཞབས་ཞུ་སིའི་སི་ཀྲང་གཞོན་པ་ལི་ཡུང་ཤིན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་རིམ་སྤོར་བྱ་སྤྱོད་ཀྱི་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་རྣམ་གྲངས་184ལ་རྒྱབ་སྐྱོར་བྱས་ཏེ་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་ཁྲི་34.7བཙུགས་ནས་མི་ཐེངས་ཁྲི་64.7ལ་ཁྱིམ་སྡོད་རྒན་གསོའི་སྒོ་ཁར་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ས་གནས་ཁག་གིས་རྫོང་དང་ཆུས་ཀྱི་རིམ་ངོས་སུ་དཔེ་སྟོན་རང་བཞིན་གྱི་ཁྱིམ་སྡོད་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་413བཙུགས་པ་རེད།
ལི་ཡུང་ཤིན་གྱིས“འདི་ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར་རྒྱལ་ཡོངས་སུ་རིགས་ཁག་གི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་བཀོད་ཁྲི་41ཡོད་པའི་ནང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་བཀོད་ཁྲི་36.9ཡོད་པ་དེ་2019ལོ་དང་བསྡུར་ན་ལྡབ་1དང་ལྡབ་1.2སོ་སོར་འཕར་ཡོད”ཅེས་བཤད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དམངས་སྲིད་པུའུ་ཡིས་ད་དུང་རྫོང(ཆུས)དང་། ཤང་གྲོང(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་ཀྱི་རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་དེ་རྒན་རྒོན་གྱི་མཐའ་འཁོར་དང་། ཉེ་འགྲམ། ཉལ་ཁྲིའི་འགྲམ་བཅས་སུ་གཅིག་བསྡུས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མུ་འབྲེལ་ཅན་དང་། སྤུས་རྟགས་ཅན། ཆེད་ལས་ཅན་བཅས་ཀྱི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་འཛུགས་སྐྱོང་བྱས་ནས་དགོས་མཁོ་གཞིར་བཟུང་རྒན་རྒོན་ལ་དགོས་མཁོ་ཆེ་བའི་དུས་ཐུང་གི་གསོ་བཅོལ་ཞབས་ཞུ་དང་རྒན་གསོའི་ལས་ཁུངས་སུ་མ་བསྡད་གོང་གི་བར་བརྒལ་རང་བཞིན་གྱི་མཐུན་འཕྲོད་རྣམ་པའི་ཞབས་ཞུ་བྱ་རྒྱུ། ས་གནས་ཁག་ལ་རིགས་ཁག་གི་མ་དངུལ་ཡག་པོ་སྤྱོད་པའི་ཐབས་ལམ་མཛུབ་ཁྲིད་བྱས་ཏེ་ཀུན་ཕན་རྒན་གསོའི་ཆེད་དོན་གྱི་བསྐྱར་དུ་དངུལ་བུན་གཡར་བ་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་བཅས་རེད། (སྒྱུར་ཞུས་པ་བསོད་བདེ་ཆེ་བ)