《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月23日

སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་ཐོག

《ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཕོགས་སྣོན་གནས་སྐབས་ལག་བསྟར་བྱ་ཐབས》བཀྲམ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག《ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཕོགས་སྣོན་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《གནས་སྐབས་ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ལ་མ་སླེབས་གོང་ནད་ཀྱིས་རྐྱེན་པའམ་ཡང་ན་གཞུང་དོན་དུ་དབང་པོ་སྐྱོན་ཅན་དུ་གྱུར་ནས་གསལ་འབྱེད་བྱས་རྗེས་ངལ་རྩོལ་ནུས་པ་རྦད་དེ་ཤོར་བ་གཏན་འཁེལ་བྱུང་རིགས་ཀྱིས་ཟླ་རེ་བཞིན་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་ལེན་པའི་རེ་ཞུ་བྱེད་ཆོག་པ་དང་། དེར་མཁོ་བའི་མ་དངུལ་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩ་ནས་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

《གནས་སྐབས་ལག་བསྟར་བྱ་ཐབས》ནང་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་གྱི་ཟླ་རེའི་ཚད་གཞི་དང་སྤྲོད་པའི་དུས་བཀག་དེ་འགན་བཅོལ་ནང་ཞུགས་མཁན་གྱིས་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་རེ་ཞུ་བྱེད་སྐབས་ཀྱི་ལོ་ཚད་དང་རིམ་རྩིས་བརྒྱབ་པའི་གྲོན་དངུལ་འཇལ་བའི་ལོ་ཚད་སོགས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་གྱི་ཟླ་རེའི་ཚད་གཞི་དེ་རྒྱལ་ཁབ་ཀྱིས་གཞི་རྩའི་རྒན་གསོའི་དངུལ་གཅིག་གྱུར་ལེགས་སྒྲིག་བྱེད་སྐབས་དུས་གཅིག་ཏུ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་བཏོན་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

《གནས་སྐབས་ལག་བསྟར་བྱ་ཐབས》ནང་འགན་བཅོལ་ནང་ཞུགས་མཁན་གྱིས་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་ལེན་སྐབས། རྒྱལ་ཁབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་མཇུག་མཐུད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐོབ་ཐང་ལེན་ཡུལ་གཏན་འཁེལ་བྱེད་དགོས། ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་ལེན་རིང་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་དགོས་ཀྱི་མེད། མུ་མཐུད་ལས་ཞུགས་བྱེད་པ་དང་འབྲེལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གྲོན་དངུལ་འཇལ་ཚེ་གྲོན་དངུལ་འཇལ་རྒྱུ་སླར་གསོ་བྱས་པའི་ཟླ་བ་རྗེས་མ་ནས་བཟུང་། ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་སྤྲོད་མཚམས་འཇོག་རྒྱུ་ཡིན་པ་གཏན་འབེབས་བྱས་པ་རེད།

《གནས་སྐབས་ལག་བསྟར་བྱ་ཐབས》ནང་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཕོགས་སྣོན་ལེན་པའི་རེ་ཞུ་བྱེད་མཁན་ལ་ཕོགས་སྣོན་ལེན་སའམ་ཡང་ན་མཐའ་མའི་འགན་བཅོལ་ནང་ཞུགས་སའི་ས་ཁུལ་རིམ་པ(ཆུས་བཙུགས་པའི་གྲོང་ཁྱེར)ཡན་གྱི་ངལ་རྩོལ་ནུས་པ་གསལ་འབྱེད་སྒྲིག་གཞིས་འདོན་སྤྲོད་བྱས་པའི་ངལ་རྩོལ་ནུས་པ་རྦད་དེ་ཤོར་བའི་གསལ་འབྱེད་བསྡོམས་ཚིག་ཡོད་དགོས་པའི་བླང་བྱ་བཏོན་པ་རེད།

(ལྷག་ཚེས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)