ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཧའོ། དབང་ཝེ། ཀྲང་ཙི་ཆི།
སློབ་གསོ་ནི་ས་མཐོའི་ཕྲུ་གུའི་འབྱུང་འགྱུར་ལ་འོད་སྣང་སྦྱིན་པའི་སྒྲོན་མེ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཡོངས་བསམ་ཇུས་གཅིག་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་རོགས་རམ་བྱེད་དགོས། ལྷག་པར་དུ་མཚོ་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་ལ་རོགས་རམ་དང་དར་རྒྱས་ཆེ་བའི་ས་ཁུལ་གྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རོགས་རམ་བྱས་ཏེ། ཚང་མས་རོགས་སྐྱོར་གནད་ལ་འཁེལ་བ་བྱེད་དགོས། དེའི་ནང་ནས་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། ཕྲུ་གུ་ཚོ་གསོ་སྐྱོང་ཡག་པོ་བྱེད་དགོས་པར་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་གསུངས་ཡོད།
ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་སྔོན་དུ་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་གསལ། སློབ་གསོའི་མཚོ་སྐྱོར་བྱ་སྤྱོད་ཀྱིས་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལས་སྟེགས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས་ཕྲུ་གུ་ཚོའི་འབྱུང་འགྱུར་གྱི་ལམ་བུར་ཁ་ཕྱོགས་གསལ་སྟོན་བྱས་པ་དང་ས་མཐོའི་འབྲོག་ཁུལ་གྱི་སློབ་མ་ཚོའི་མི་ཚེར་མཚར་སྡུག་ལྡན་པའི་གོ་སྐབས་དེ་བས་མང་བ་ཐོབ་པར་བྱས་ཡོད།
“ཡུལ་གཞན་དུ་སློབ་སྦྱོང”ལ་བསྐྱོད་པས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་མཐོང་བ།
ལད་མོའི་གནམ་གྲུའི་ཁ་ལོ་བ་སྡོད་སར་གནམ་གྲུ་གཏོང་སྟངས་མྱོང་ལེན་བྱེད་པ་དང་འཐེན་ཐག་ལ་བརྟེན་ནས་ཟླ་བའི་གོ་ལར་སྐྱོད་པའི་མྱོང་ལེན་བྱེད་པ་སོགས། འདི་ལོའི་རྒྱལ་སྟོན་གྱི་གུང་གསེང་རིང་གངས་ལྗོངས་ས་མཐོ་ནས་ཡོང་བའི་ཕྲུ་གུ་ཁག་གཅིག་སྟེ། ཧྲེན་དབྱང་གྲོང་ཁྱེར་ཞང་ཡུས་སློབ་འབྲིང་གི“ཡུལ་གཞན་གྱི་འཛིན་གྲྭའི”སློབ་མས་ལེའོ་ཉིང་ཞིང་ཆེན་ཚན་རྩལ་ཁང་དུ་བསྐྱོད།
ཁོང་ཚོ་མང་ཆེ་བ་ནི་ས་མཐོ་ནས་ཐོན་དང་པོ་དང་ཚན་རྩལ་ཁང་དུ་བསྐྱོད་ཐེངས་དང་པོ་ཡིན་པ་རེད། སློབ་ཚན་འདིས་ཁོང་ཚོར་བག་ཆགས་ཟབ་མོ་བཞག་ཡོད།
“ཤེས་བྱ་མང་པོ་ཞིག་སྔོན་ཆད་དཔེ་དེབ་དང་བརྙན་འཕྲིན་ཐོག་ནས་མ་གཏོགས་མཐོང་མྱོང་མེད། ད་ཐེངས་དངོས་སུ་མཐོང་བ་མ་ཟད། ད་དུང་མྱོང་ལེན་ཡང་བྱེད་ཐུབ་བྱུང”ཚན་རྩལ་ཁང་དུ་ལྟ་སྐོར་བྱེད་སྐབས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ནས་ཡིན་པའི་ཀུན་དགའ་དབང་པོས“གང་སར་ངོ་མཚར་གྱིས་ཁེངས་འདུག ངས་ཚོད་ལྟའི་འགྲེམས་སྟོན་ལ་བལྟས་པ་དང་ཚན་རྩལ་སློབ་ཚན་ཉན་པ་མ་ཟད། ད་དུང་ངོ་མཚར་ཆེ་བའི་ལམ་ཐག་བརྩི་བའི་འཁོར་ཆུང་ཡང་མཐོང་བྱུང”ཞེས་བཤད།
2008ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་མངགས་བཅོལ་ལྟར་ཧྲེན་དབྱང་གྲོང་ཁྱེར་ཞང་ཡུས་སློབ་འབྲིང་དུ“ཡུལ་གཞན་གྱི་འཛིན་གྲྭ”བཙུགས་ཏེ་མཚོ་སྔོན་ས་མཐོའི་འབྲོག་ཁུལ་གྱི་ཕྲུ་གུ་ཚོས་མིང་ཐོ་བཀོད་པ་དང་། གདམ་གསེས་བརྒྱུད་ལེའོ་ཉིང་ཧྲེན་དབྱང་དུ་སྤུས་ལེགས་ཀྱི་རྨང་གཞིའི་སློབ་གསོ་དང་ལེན་བྱེད་པར་བསྐྱོད་ཆོག་གི་ཡོད་པ་རེད།
“ས་མཐོའི་འབྲོག་ཁུལ་གྱི་སློབ་གསོའི་ཐོན་ཁུངས་དཀོན་པོ་ཡོད་མོད། འོན་ཀྱང་ཕྲུ་གུ་དང་ཁྱིམ་བདག་ཚོས་སྤུས་ལེགས་སློབ་གསོ་ཐོབ་འདོད་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཞང་ཡུས་སློབ་འབྲིང་གི་མི་རིགས་སློབ་གསོའི་ལས་དོན་གྱི་འགན་འཁུར་བ་དགེ་རྒན་ཝང་ཁྲེང་ཧུང་གིས་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་གླེང་བ་སྟེ།
2010ལོར་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་ནས་ཡུན་རིང་མ་སོང་བར་ཝང་ཁྲེང་ཧུང་གིས་རུ་སྣེ་འཁྲིད་དེ་མཚོ་སྔོན་དུ“ཡུལ་གཞན་གྱི་འཛིན་གྲྭའི”འབྲེལ་ཡོད་ལས་དོན་རྩིས་སྤྲོད་རྩིས་ལེན་བྱེད་པར་བསྐྱོད། སྐབས་དེ་དུས་ས་ཡོམ་བརྒྱབ་ཙམ་ཡིན་པས་ཆ་རྐྱེན་ཞན་པོ་ཡོད་པ་དང་མཚན་མོ་གུར་ནང་ཉལ་དགོས་ཀྱི་ཡོད། མཚན་གུང་དུ་ཝང་ཁྲེང་ཧུང་གུར་ནས་དོན་ཏེ་ཕྱི་ལ་མཁའ་རླུང་སོས་པ་རྔུབ་པར་འགྲོ་རྩིས་བྱེད་སྐབས། ཁོང་གིས་བརྗེད་པར་དཀའ་བའི་བྱ་བ་ཞིག་མཐོང་བ་སྟེ། གུར་གྱི་ཕྱི་རོལ་དུ་སློབ་མའི་ཁྱིམ་བདག་ཁ་ཤས་ལངས་ནས་བསྡད་ཡོད། ཁོང་ཚོས“རྒན་ཝང་ལགས། ད་དུང་ཡོམ་འཕྲོ་བརྒྱབ་ཡོང་སྙམ་ནས་ང་ཚོས་རེས་སྐོར་བྱས་ནས་སྐོར་ཞིབ་བྱས་ཏེ་ཁྱེད་རང་གཉིད་སྐྱིད་པོ་ཞིག་ཁུག་ན་བསམ་བྱུང”ཞེས་བཤད།
“ཁྱིམ་བདག་གིས་དགེ་རྒན་ལ་བརྩི་འཇོག་དེ་ལྟར་བྱས་པ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཝང་ཁྲེང་ཧུང་གིས་མགྲིན་པ་བརྣངས་བཞིན་དུ་བཤད།
“ཡུལ་གཞན་གྱི་འཛིན་གྲྭས”ཕྲུ་གུ་ཚོ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་དང་འབྲེལ་འདྲིས་ཐུབ་ཡོད། འདི་ལོ་སློབ་མ་466མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་ཡི་རྫོང་ཁག་ནས་ཞང་ཡུས་སློབ་འབྲིང་དུ་སླེབས།
རང་ཡིད་རང་ཆེས་ནི་ལོ་16ལ་སོན་པའི་ཀུན་དགའ་དབང་པོ་སློབ་གྲྭ་དེར་འབྱོར་རྗེས་ཀྱི་གྲུབ་འབྲས་ཆེ་ཤོས་དེ་རེད།
འཛིན་གྲྭའི་ཀྲུའུ་རེན་ཝུའེ་ཡུས་ཆིས་ཀུན་དགའ་དབང་པོའི་དབྱིན་ཡིག་སྦྱོང་ཚན་ལ་ཞིབ་པར་ལྟ་བཞིན་དུ“སྐར་མ་30ནས་སྐར་མ་50བར་ཡར་རྒྱས་ཕྱིན་པ་དང་། དེ་ནས་ད་ཆའི་སྐར་མ་ཆ་ཚང་ལེན་ཐུབ་པའི་བར་ཀུན་དགའ་དབང་པོས་རིག་གནས་ཤེས་པ་མ་ཟད། ད་དུང་རིམ་བཞིན་རང་ཡིད་རང་ཆེས་ཀྱིས་ཁེངས་ཤིང་སློབ་མ་དེའི་གཤིས་ཀའང་ཡག་ཏུ་ཕྱིན་སོང”ཞེས་དགའ་སྤྲོའི་ངང་བཤད།
ལོ་བཅུ་ལྷག་ཙམ་གོང་ས་མཐོའི་སློབ་མ་ཁག་དང་པོ་ཧྲེན་དབྱང་དུ་འབྱོར་སྐབས། ངོ་ཚ་སྨིན་པས་རྟག་ཏུ་མགོ་བོ་སྒུར་ནས་འགྲོ་གི་ཡོད། ད་ཆ་བྱིས་པ་ཚོས་ཁྱེད་ཀྱི་མདུན་དུ་ཡོང་ནས་གདེང་ཚོད་ཆེན་པོས“རྒན་ལགས། སྐུ་ཁམས་བཟང”ཞེས་ཤོད་སྲིད་ཅེས་ཞང་ཡུས་སློབ་འབྲིང་གི་ལག་བསྟར་སློབ་སྤྱི་ཧན་ཏན་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
ཡུན་རིང་མ་སོང་གོང་མཇུག་འགྲིལ་བའི་ཞང་ཡུས་སློབ་འབྲིང་གི་ལུས་རྩལ་འགྲན་ཚོགས་ཐོག་ཀུན་དགའ་དབང་པོས“འཛིན་གྲྭར་གཟི་བརྗིད་བརྩོན་ལེན་བྱེད་པའི”བསམ་འདུན་བཅངས་ནས་མིང་ཐོ་བཀོད་པ་མ་ཟད། ད་དུང་སྨི་བརྒྱའི་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ་ཡོད། དེས་མ་ཚད་ལན་ཆིའུ་སྤོ་ལོའི་ཐང་དུའང་མདུན་རུ་ཡིན་པ་དང་། རྒྱུན་དུ་ངོ་ཤེས་གསར་པ་བྱང་ཤར་ས་ཁུལ་གྱི་སྤོ་ལོ་རྒྱག་རོགས་དང་མཉམ་དུ་སློབ་ཚན་གྲོལ་རྗེས་སྤོ་ལོ་རྒྱག་རྒྱུའི་དུས་ཆད་བཟོ་ཡི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་ཕུགས་བསམ་དང་། དད་སེམས། བརྩེ་སེམས། རིག་གནས་བཅས་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཕན་ཚུན་ལྟ་སྐྱོང་དང་སྤུན་ཟླའི་དབར་འཆམ་མཐུན་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཕྱི་ནང་དུ་ཡུལ་གཞན་གྱི་འཛིན་གྲྭ་གཉེར་བ་དེ་ཞིང་ཆེན་དང་གྲོང་ཁྱེར་10ལྷག་ཙམ་གྱི་སློབ་གྲྭ་20ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་སློབ་མ་ཁྲི་ཡན་གསོ་སྐྱོང་བྱས་ཡོད།
ད་བར་མཚོ་སྔོན་གྱི་སློབ་མ་3000ལྷག་ཙམ་གྱིས་ཞང་ཡུས་སློབ་འབྲིང་དུ་སྤུས་ལེགས་སློབ་གསོ་དང་ལེན་བྱེད་བཞིན་ཡོད། སློབ་གྲྭའི་ཚོགས་ཁང་ནང་གི་གོས་དར་རྣམས་བཀྲག་མདངས་འཚེར་བ་ཞིག་ཡོད། དེ་ནི་2008ལོ་ནས་2023ལོ་བར་གྱི་སློབ་ཐོན་སློབ་མ་ཡོངས་ཀྱིས་མཉམ་དུ་སྤྲད་པ་ཞིག་ཡིན་པ་དང་དེའི་ཐོག“ལོ་བཅོ་ལྔའི་རིང་ས་མཐོར་རྐང་འཛིན་པ་གསོ་སྦྱོང་གནང་བའི་རྒྱ་མཚོ་ལས་ཟབ་པ་དང་ནམ་མཁའ་ལས་ཡངས་པའི་ཞང་ཡུས་སློབ་དཔོན་གྱི་བཀའ་དྲིན་བློ་ལ་བརྟན་པོར་ངེས”ཞེས་བྲིས་ཡོད་པ་རེད།
“ས་གྲོལ་སློབ་གྲྭར”བརྟེན་ནས“ཕུགས་འདུན”མངོན་འགྱུར་བྱུང་བ།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་མ་ཡེ་ཤིས་ཚེ་རིང་གི་སྒྲོག་ཙེའི་ཐོག“ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པར་བྱེད”ཅེས་མཐོ་རྒྱུགས་ཀྱི་འདོད་སྨོན་བྲིས་ཡོད།
(པར་ངོས་གཉིས་པར་གཟིགས)
(པར་ངོས་དང་པོར་མཐུད)
མགོ་ལོག་ཀྲོའུ་དགའ་བདེ་རྫོང་ཁྱི་འབྲི་ཤང་ནས་ཡིན་པའི་ཡེ་ཤེས་ཚེ་རིང་གིས། སློབ་ཆེན་ལ་རྒྱུགས་འཕྲོད་པ་ནི་མངོན་འགྱུར་ཐུབ་དཀའ་བའི་ཕུགས་འདུན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། མགོ་ལོག་ཀྲོའུ་ནི་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ལས་བརྒལ་བས། ཕུལ་བྱུང་དགེ་རྒན་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྐབས་ཤིག་རིང་ཅུང་དཀོན་པོ་ཡོད།
2010ལོར་ཧྲང་ཧའེ་ཡིས་མགོ་ལོག་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་ཤིང་། ཡུན་རིང་འཚོལ་ཞིབ་བྱས་པ་བརྒྱུད་ས་ཆ་གཉིས་ཀྱིས་ས་བབ་ཅུང་དམའ་ཞིང་རྨང་གཞིའི་ཆ་རྐྱེན་དེ་བས་ལེགས་པའི་ཟི་ལིང་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་བསྐྲུན་རྒྱུའི་ཐག་བཅད། དེ་ནས་བཟུང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དེ་ཉིད་ཧྲང་ཧའེ་གྲོང་ཁྱེར་དང་མགོ་ལོག་ཀྲོའུ་ཡིས་ས་མཐོའི་འབྲོག་ཁུལ་གྱི་སློབ་མར་བཏོད་པའི“ས་གྲོལ་སློབ་གྲྭར”གྱུར།
དེ་དང་ཆབས་ཅིག་ཧྲང་ཧའེ་ཡིས་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པ་7“ཚོགས་སྒྲིག་རྣམ་པའི”ཐོག་ནས་སློབ་གྲྭ་དེར་རོགས་སྐྱོར་ལ་མངགས་པ་མ་ཟད། རྒྱལ་ཡོངས་ནས་ཕུལ་བྱུང་དགེ་རྒན་ཡང་བསྡུས།
“སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་དང་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་སོང་བས། ཕྲུ་གུ་ཚོའི་སྦྱངས་འབྲས་ལེགས་སུ་མགྱོགས་མྱུར་ཕྱིན་ཡོད”ཅེས་ཧྲང་ཧའེ་ནས་ཡོང་ཞིང་མཚོ་སྔོན་དུ་ལས་ཀ་བྱས་ནས་ལོ་གཉིས་ཙམ་སོང་བའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་ཁྲང་ཐུའུ་ཡིས་དེ་ལྟར་བརྗོད། སློབ་གྲྭ་དེ་2019ལོར་བསྐྲུན་པ་དང་། 2022ལོར་ཁག་དང་པོའི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་སློབ་མ་དངོས་གཞིའི་ཚན་ཁག་ལ་ལོན་ཚད་68%ཙམ་ཟིན་ཏེ་མགོ་ལོག་ས་ཁུལ་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “2023ལོར་སློབ་གྲྭའི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་སློབ་མ་དངོས་གཞིའི་ཚན་ཁག་ལ་ལོན་ཚད་70%ལྷག་ཟིན་ཡོད”
ད་ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་རྟོག་ཞིབ་གནང་སྐབས། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་སློབ་འབྲིང་འདིས་མགོ་ལོག་གི་འབྲོག་ཁུལ་ནས་ཡོང་བའི་མི་རིགས་ཁག་གི་ཕྲུ་གུ་གསོ་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་དོན་སྙིང་གཏིང་ཟབ་ལྡན་ཡོད། ཕྲུ་གུ་ཚོས་འདི་གའི་མཐུན་རྐྱེན་བཟང་པོར་གཅེས་འཛིན་ལྡབ་འགྱུར་དང་། བཀའ་དྲིན་དྲན་པ། སློབ་སྦྱོང་ཡག་པོ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པ་དང་འཛུགས་སྐྲུན་པ་བྱ་རྒྱུའི་ཕུགས་འདུན་སེམས་སུ་འཆང་བ་དང་རང་ཉིད་ཀྱི་མི་ཚེ་ངོ་མཚར་ལྡན་པ་ཞིག་ཡོང་བའི་གོ་སྐབས་བརྩོན་ལེན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཁྲང་ཐུའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་ལས་ཚང་མར་སློབ་སྦྱོང་ཧུར་ཐག་བྱེད་པ་དང་འཇོན་ཐང་ཡག་པོ་སྦྱངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་ཐེབས་ཡོད”ཅེས་བརྗོད།
མིག་སྔར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཉེར་ཉམས་མྱོང་ལ་དཔེ་བལྟས་ནས་ཁྱབ་གདལ་གཏོང་བཞིན་ཡོད། ཟི་ལིང་དང་ས་འབྲེལ་ཡིན་པའི་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱིས་ཅང་སུའུ་དང་། ཧྲང་ཧའེ། མཚོ་སྔོན་བཅས་ས་ཁུལ་གསུམ་དང་མཉམ་དུ“ས་གྲོལ་སློབ་གྲྭ”གཞན་ཞིག་སྟེ། མགོ་ལོག་མཚོ་ཤར་སློབ་འབྲིང་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པ་རེད།
མགོ་ལོག་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་འགྱུར་མེད་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེར་སྔོན་དཔག་བྱས་ན་སློབ་མ་3000བསྡུ་ཐུབ་བཟོ་ཡོད་པ་དེ་ནི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་ལྡབ་3ལྷག་ཙམ་ཡིན་པ་དང་། སློབ་གྲྭ་དེ་གཉིས་ཀྱིས་སླད་ཕྱིན་མགོ་ལོག་ཀྲོའུ་ཡི་མཐོ་འབྲིང་སློབ་ཁྲིད་མི་གྲངས་ཀྱི་ཕྱེད་ཀ་ཡན་དང་དམའ་འབྲིང་སློབ་ཁྲིད་མི་གྲངས་ཀྱི་ལྔ་ཆ་གཅིག་ཟིན་རྒྱུ་རེད།
“དང་བླངས་དགེ་རྒན”གྱིས་རི་ཀླུང་ཀུན་ཏུ་རེ་བའི་འོད་སྣང་སྦྱིན་པ།
བརྒྱ་ཆའི་གྲངས་2.9འཕར་ཡོད།
འདི་ནི་མགོ་ལོག་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་གི་ད་ལོའི་མཐོ་རྒྱུགས་ནང་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་ན་ནིང་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཕྱིན་པ་དེ་རེད། མཚོ་སྐྱོར་དགེ་རྒན་གྱི་འབད་བརྩོན་འོག་ཟླ་གསུམ་གྱི་དུས་ཡུན་ནང་སློབ་གྲྭའི་སློབ་གསོའི་ཐོན་ཁུངས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
དགེ་རྒན་ནི་སློབ་གྲྭའི་རྒྱུ་ནོར་རྩ་ཆེ་ཤོས་དེ་རེད།
ད་ལོའི་ཟླ་2པའི་ཟླ་མཇུག་ཏུ། ལོ་55ལ་སླེབས་པའི་ཧྲང་ཧའེ་གྲོང་ཁྱེར་ལུའུ་ཤུན་སློབ་འབྲིང་གི་རྩིས་རིག་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་ལུའོ་ཐེན་ཧྭ་ཡིས་ཧྲང་ཧའེ་ཡི་དགེ་རྒན་11དང་མཉམ་དུ་མཚོ་སྔོན་དུ“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བར་བསྐྱོད། མགོ་ལོག་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་གི“རྩིས་རིག་རིག་ཚན་ལས་དོན་ཁང”གི་འགན་འཁུར་བ་ཡིན་པའི་ངོས་ནས་སློབ་ཚན་དང་པོ་འཚོགས་རྗེས་ལུའོ་ཐེན་ཧྭ་ལ་མྱོང་ཚོར་གཉིས་བྱུང་བ་སྟེ། ཕྲུ་གུ་ཚོས་སློབ་ཚན་ནན་ཏན་ངང་ཉན་གྱི་ཡོད་ནའང་རྨང་གཞི་ཞན་པ་དང་། སློབ་སྦྱོང་ཧུར་ཐག་བྱེད་ཀྱི་ཡོད་ནའང་བསམ་བློ་གཏོང་མི་ཤེས་པ་དང་དྲི་བ་འདོན་མི་ཤེས་པ་དེ་གཉིས་རེད།
དེའི་ཐད་ལུའོ་ཐེན་ཧྭ་ཡིས་མཚོ་སྐྱོར་དགེ་རྒན་གཞན་དག་དང་བགྲོ་གླེང་ཞིབ་ཕྲ་བྱས་ནས་སློབ་གྲྭ་དེ་གའི་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་ཁྲིད་བསམ་ཕྱོགས་ལེགས་སྒྲིག་བྱས་པ་སྟེ། ཕྲུ་གུའི་སློབ་སྦྱོང་བྱེད་སེམས་དང་ཡིད་ཆེས་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱས་ནས་སློབ་སྦྱོང་ཆུ་ཚད་ཀྱི་གདེང་འཇོག་མ་ལག་བསྐྱར་དུ་བཙུགས།
སློབ་ཁྲིད་ཐབས་ཇུས་ལེགས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། སློབ་གསེང་དུ་ཕྲུ་གུ་མི་ཉུང་བ་ཞིག་གིས་སྦྱོང་གཞི་ཁྱེར་ནས་རྒན་ལགས་ལ་བཀའ་འདྲི་ཞུ་གི་ཡོད། མགོ་ལོག་མི་རིགས་མཐོ་རིམ་སློབ་འབྲིང་རྩིས་རིག་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་རྡོ་རྗེ་ཚེ་བརྟན་གྱིས“དེ་སྔོན་སྣང་ཚུལ་འདི་རིགས་སྤྱིར་བཏང་མཐོང་རྒྱུ་མེད། ད་ཆ་ཕྲུ་གུ་ཚོའི་སློབ་སྦྱོང་བྱེད་སེམས་ཤུགས་ཆེན་འཕེལ་བཞིན་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་ཞིག་དགེ་རྒན་བཟང་པོ་དང་འཕྲད་པ་ནི་ཚེ་གང་གི་བསོད་ནམས་རེད། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་པོ་ཡོད་པ་ནི་སློབ་གྲྭ་དེའི་གཟི་བརྗིད་རེད། མི་རིགས་ཤིག་ལ་དགེ་རྒན་བཟང་པོ་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ནི་མི་རིགས་དེའི་རེ་བ་རེད་ཅེས་གསུངས་ཡོད།
མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་ཡི་སྐད་ཡིག་དགེ་རྒན་ཅང་ཧུང་ཝུའུ་ཡིས་མགོ་ལོག་ཀྲོའུ་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་འབྲིང་གསུམ་གྱི་སྐད་ཡིག་དགེ་རྒན་དྲུག་དང་མཉམ་དུ་སློབ་དཔྱོད་ཚོགས་པ་བཙུགས་ནས་ཐོན་ཁུངས་མཉམ་སྤྱོད་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས། ཅང་ཧུང་ཝུའུ་ཡིས“ས་གནས་དེ་གའི་དགེ་རྒན་ལ་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བའི་དགོས་མཁོ་ཡོད་ཚེ་ང་ཚོས་ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡིན”ཞེས་བརྗོད་པ་དང་། ཁོང་གིས་ད་ལོ་མགོ་ལོག་ཀྲོའུ་ཏ་ཝུའུ་མི་རིགས་སློབ་འབྲིང་གི་དགེ་རྒན་གྱི་འཐུས་མིའི་སྣེ་ཁྲིད་དེ་ཧྲང་ཧའེ་རུ་སློབ་དཔྱོད་བྱེད་སྒོ་སྤེལ་ནས་སློབ་དཔྱོད་ཀྱི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱ་རྒྱུ་རེད།
2010ལོ་ནས་བཟུང་ཧྲང་ཧའེ་དང་། པེ་ཅིང་། ཅང་སུའུ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་སློབ་གསོའི་མཚོ་སྐྱོར་ལས་དོན་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་བཏང་སྟེ་སྔ་རྗེས་སུ་དགེ་རྒན་2000ཙམ་མཚོ་སྔོན་དུ་སློབ་སྐྱོར་བྱེད་པར་མངགས་པ་དང་། སློབ་ཁྲིད་དོ་དམ་དང་། སློབ་དཔྱོད། དགེ་རྒན་རྐང་འཛིན་པ་བཅས་8000ལྷག་ཙམ་གསོ་སྐྱོང་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་བྱ་གཞག་ལ་ཤེས་ལྡན་པ་དང་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ནས། ས་མཐོའི་འབྲོག་ཁུལ་གྱི་ཕྲུ་གུ་ཚོའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་གྱུར་ཡོང་བར་བྱས་པ་རེད།
(བསྟན་བློ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)