《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ཅི་ལིན་ཆན་ཀུའོ་ཆུ་འབྲས་ཚན་རྩལ་ཁང་ལ་ཡུལ་མི་ཚོའི་ཡིད་ཆེས་ཐོབ་པ།

ས་གཞི་ཆེན་པོའི་ཕང་བ་རུ། ཚན་རྩལ་ཁྱབ་གདལ་གཏོང་བར་འབད།

འདི་ནི་ཅི་ལིན་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཚོས་ཆུ་འབྲས་ཀྱི་སྐྱེ་འཚར་ལ་ལྟ་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་དབྱི་ཆིང་།

སྟོན་བསྡུའི་དུས་ཀྱི་ཞོགས་པའི་ཆུ་ཚོད་10དང་ཕྱེད་ཀར་ཅི་ལིན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལིང་ཧྥེང་ལོའུ་ཡིས་སློབ་མ་ཁ་ཤས་ཁྲིད་དེ་འབྲས་ཞིང་དུ་བསྐྱོད།

ཡུལ་མི་ཡུས་ཏུང་ཞུའེ་ཁྱིམ་གྱི་ཆུ་འབྲས་ཀྱི་སྐྱེ་འཚར་སྨི་གཅིག་ཙམ་ཟིན་ཞིང་། འབྲས་བུའི་ཁུར་གྱིས་དུད་པའི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བཞིན་མཆིས།

ལིང་ཧྥེང་ལོའུ་ཡིས་འཛུམ་དམུལ་དམུལ་ངང་། “ད་ལོའི་ཐོན་འབབ་ཡག་པོ་འདུག བ་མོ་མ་བབས་གོང་སྟོན་ཐོག་བསྡུས་ཚར་བ་བྱེད་དགོས་ལ། བསྡུས་ཟིན་པའི་འབྲས་རྣམས་ཉི་སྐམ་བཏང་ནས་ཉར་ཚགས་ཡག་པོ་བྱེད་དགོས”ཞེས་བརྗོད།

ལིང་ཧྥེང་ལོའུ་སླེབས་པ་ཐོས་རྗེས་གྲོང་མི་བཞི་ལྔ་ཙམ་མ་གྲོས་གཅིག་མཐུན་གྱིས་ཞིང་ཁར་འཛོམས་པ་དང་། ཡུས་ཏུང་ཞུའེ་ཡིས་ཞིང་ལས་ལག་རྩལ་མཉམ་སྤྱོད་བྱེད་མཁན་གྱི“རིགས་ གཅིག་མཁས་ཅན”ཞིག་ལྟར“ད་ལོའི་དཔྱིད་ཀར་ས་དྲོད་ཅུང་དམའ་པོ་འདུག རྒན་ལིང་ལགས་ཀྱིས་བསླབས་པའི་ལུད་རྒྱག་སྟངས་སྤྱད་པར་བརྟེན། ང་ཚོའི་ཁྱིམ་གྱི་འབྲས་ཞིང་གི་སྐྱེ་འཚར་ཡག་པོ་འདུག”ཅེས་བརྗོད་པ་དང་། ཁོང་གིས“ཐབས་ཤེས་གསར་པ་སྤྱད་ཚེ་སྤྱི་ཆིང་རེ་ནས་སྔོན་དཔག་བྱས་ན་འབྲས་རྒྱ་མ་200ལྷག་ཙམ་འཕར་ཐུབ་པ་མ་ཟད། ད་དུང་རྫས་ལུད་སྤྱོད་ཚད་ཀྱང་བཅུ་ཆ་གཉིས་ཉུང་དུ་ཕྱིན་སྟབས། དེ་ནི་སྤྱི་ཆིང་རེ་ནས་ཡོང་འབབ་སྒོར་བརྒྱ་ལྷག་ཙམ་མང་དུ་ཕྱིན་པ་དང་གཅིག་པ་རེད”ཅེས་བཤད་དེ་ཚང་མར་རྩིས་གསལ་པོ་ཞིག་བརྒྱབ་པ་རེད།

2021ལོར་ཅི་ལིན་ཆན་ཀུའོ་ཆུ་འབྲས་ཚན་རྩལ་ཁང་དེ་དེ་སྔའི་ཅི་ལིན་སུང་ཡོན་ཆན་ཀུའོ་ཨེར་ལུའོ་སི་སོག་རིགས་རང་སྐྱོང་རྫོང་ཕིང་ཧྥེང་ཤང་ཕིང་ཧྥེང་གྲོང་ཚོར་བསྐྲུན་པ་དང་། ལིང་ཧྥེང་ལོའུ་ཡིས་མཛུབ་ཁྲིད་རིགས་གཅིག་མཁས་ཅན་གྱི་འགན་ཁུར་བཞིན་ཡོད།

ཚན་རྩལ་ཁང་གི་ལས་དོན་ཇི་ལྟར་སྤེལ་དགོས་སམ་ཞེ་ན། དེ་ནི་སྔོན་ལ་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་ལས་མ་འདས་པས། གྲོང་ཚོར་སླེབས་རྗེས་ལིང་ཧྥེང་ལོའུ་ཡིས་དགེ་སློབ་སྒྲིག་འཛུགས་བྱས་ནས་ས་དཔྱད་ལུད་སྦྱོར་བྱས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་པ་ལས་ཤེས་རྟོགས་བྱུང་བར། ཕིང་ཧྥེང་གྲོང་ཚོའི་ས་རྒྱུ་ཅུང་བ་ཚྭ་ཅན་ཡིན་སྟབས། སྐྱུར་གཤིས་ཅུང་ཆེ་བའི་རྫས་ལུད་སྤྱོད་དགོས་པ་དང་། རྫས་ལུད་ཀྱང་འབོར་ཉུང་ལ་རྒྱག་ཐེངས་མང་ཙམ་བྱས་ཚེ། དེས་ས་ཞིང་ལ་སྲུང་སྐྱོང་ཐུབ་པར་མ་ཟད། ཐོན་འཕར་གང་མགྱོགས་ཐོན་ཐུབ་ཀྱི་ཡོད།

ལག་རྩལ་ཁྱབ་གདལ་གཏོང་རྒྱུ་ནི་ལས་སླ་པོ་ཞིག་མིན་སྟབས། ཡུལ་མི་ཚོར་གྲངས་གཞི་དང་རྩ་བའི་རིགས་པ་ཤོད་པ་ཕུད། ལིང་ཧྥེང་ལོའུ་ཡིས་ད་དུང“སྔོན་ལ་ཞིང་ཁ་ཆུང་ཆུང་ཞིག་ཏུ་ཚོད་ལྟ་བྱེད་དགོས། ཐོན་འབབ་ཆག་ཚེ་ངས་རང་གི་གླ་ཆ་ནས་ཁྱོད་ལ་ཁ་གསབ་བྱས་ཆོག”ཅེས་བཤད་པར། ཁོང་གི་སྐད་ཆ་དེས་ཡུས་ཏུང་ཞུའེ་ཡི་སེམས་པ་ལྷོད་ལ་བབས་པ་མ་ཟད་སེམས་འགུལ་ཡང་ཚད་མེད་ཐེབས། ལིང་ཧྥེང་ལོའུ་ཡིས་འཛུམ་དམུལ་དམུལ་ངང་། “ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བར་སྔོན་ལ་འཆད་ཁྲིད་སྟེགས་བུ་ནས་བབས་ཏེ་ཡུལ་མིའི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་དགོས”ཞེས་བཤད། མིག་སྔར་ཚན་རྩལ་ཁང་གི་ལག་རྩལ་ཁྱབ་གདལ་གཏོང་ཚད་མུའུ་6000ལྷག་ཙམ་ཟིན་ཡོད་པ་རེད།

ཉིན་གུང་མཚམས་སུ། ཡུས་ཏུང་ཞུའེ་ཡི་ཞིང་ཁར་འདུས་པའི་ཡུལ་མི་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། གཤིས་ཀ་ལྷིང་པོ་མེད་པའི་ཡུལ་མི་ཞིག་གིས“ལུད་སྡེབ་སྦྱོར་གྱི་བསྡུར་ཚད་ལེགས་སྒྲིག་བྱེད་པ་ཕུད། ད་དུང་ལས་ཀ་གཞན་པ་གང་ཞིག་བྱེད་དགོས་སམ”ཞེས་དྲི་བ་བཏོན་པར། ལིང་ཧྥེང་ལོའུ་ཡིས། “ཞིང་འཕྲུལ་སྤྱད་དེ་ལུད་ལི་སྨི་5ཙམ་གྱི་ས་འོག་ཏུ་སྦས་ན་རྩ་བར་ཐད་ཀར་ནུས་པ་ཐོན་གྱི་ཡོད། སང་ལོའི་དཔྱིད་ཀར་ང་ཚོས་ད་དུང་དུད་ཚང་ཁག་ཏུ་བསྐྱོད་དེ་ཚང་མར་ལུད་སྡེབ་སྦྱོར་བྱེད་སྟངས་དང་ཞིང་འཕྲུལ་གཏོང་སྟངས་དམར་ཁྲིད་བྱེད་ཀྱི་ཡིན”ཞེས་བཤད།

ཅི་ལིན་ཆན་ཀུའོ་ཆུ་འབྲས་ཚན་རྩལ་ཁང་དུ་ལོ་ལྟར་ཅི་ལིན་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ལྔ་དྲུག་ཙམ་བཅའ་སྡོད་བྱེད་ཀྱི་ཡོད། ཡུལ་མི་ཚོའི་དཀྱིལ་དུ་ཡོད་པའི་ལིང་ཧྥེང་ལོའུ་ཡིས་རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱི་ཨང་གྲངས་བཞག་ནས“ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བར་རིགས་པའི་གཞུང་ལུགས་ཁོ་ན་བཤད་ན་མི་འགྲིག རྨོ་འདེབས་ཀྱི་ལས་ཀར་དངོས་སུ་ཞུགས་ཚེ། ཞིང་ལས་ལག་རྩལ་དེ་གཞི་ནས་ཞིང་པ་མང་ཚོགས་ཀྱི་ཁྲོད་དུ་དངོས་སུ་དོན་འཁྱོལ་བྱེད་ཐུབ། གནད་དོན་གང་ཡོད་ཀྱང་དུས་དང་རྣམ་པ་ཀུན་ཏུ་ང་དང་འབྲེལ་བ་བྱོས”ཞེས་བཤད།

དགོང་མོའི་ཆུ་ཚོད་དྲུག་པར་རླངས་འཁོར་ལ་བསྡད་དེ་ཕྱིར་ལོག་པའི་ལམ་བར་དུ་ལིང་ཧྥེང་ལོའུ་ཡིས་ཉིན་གཅིག་གི་ལས་ཀའི་བརྒྱུད་རིམ་དག་ཞིབ་ཚགས་ངང་ཟིན་ཐོར་འགོད་བཞིན་མཆིས།

ཡུལ་མི་ཚོའི་ཡིད་ཆེས་ཐོབ་པ་དང་ལས་དོན་ཁག་རྒྱུན་གཏན་ལྟར་སྤེལ་ཐུབ་པ་བྱུང་ཡང་། སླད་ཕྱིན་ཚན་རྩལ་ཁང་གིས་ཚན་རྩལ་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་དེ་རྒྱུན་རྣམ་ཅན་དུ་ཇི་ལྟར་འགྱུར་དགོས་སམ།

ཉེ་བའི་ལོ་ཤས་རིང་། ཅི་ལིན་ཞིང་ལས་སློབ་ཆེན་གྱིས་ཞིང་ནང་དུ་ཞབས་འདེབས་ཞུ་ཡུན་དང་ལག་རྩལ་ཁྱབ་གདལ་གཏོང་ཚུལ་སོགས་ཀྱི་དམིགས་ཚད་དག་དགེ་རྒན་ལ་དཔྱད་ཞིབ་དང་དགེ་རྒན་ལེགས་འདེམས་ཀྱི་མ་ལག་ནང་བཅུག་པ་དང་སྦྲགས། སློབ་གྲྭས་ད་དུང་དུས་བཀག་ལྟར་གྲུབ་འབྲས་མངོན་གསལ་དོད་པའི་ཚན་རྩལ་ཁང་བདམས་ནས་བྱ་དགའ་སྤྲོད་བཞིན་ཡོད་པས། དགེ་རྒན་ཚོའི་ལས་ཀའི་ཧུར་སེམས་ཇེ་ཆེར་སོང་ཡོད་པ་རེད།

(བདེ་དབང་གིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)