སྔོན་ཆད་ཉམས་གསོ་མ་བྱས་པའི་གཙང་པོའི་ངོགས་སུ་རླབས་སྔོན་ཡམ་ཡོམ་དུ་གཡོ་བ་དང་། ཐང་རྒོད་དུ་གྱུར་པའི་གཙང་པོའི་ངོགས་སུ་སྔོ་ཐིང་ངེར་གནས་པས། མི་རྣམས་དེ་གར་འཛོམས་ནས་མཁའ་རླུང་གཙང་མ་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ལོངས་སུ་སྤྱོད་བཞིན་མཆིས། དེ་ནི་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་གནས་པའི་ཤེ་ཀེར་སྤྱི་གླིང་གི་མཛའ་གྲོགས་ཐང་ཆེན(གཤམ་དུ“མཛའ་གྲོགས་ཐང་ཆེན”ཞེས་བསྡུ་རྒྱུ)དེ་རེད། མཛའ་གྲོགས་ཐང་ཆེན་གྱིས་ཨེ་ཏི་སི་ཨ་པ་པའི་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་ཕྱིན་པ་དང་། ས་གནས་དེ་གའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ། གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་བཅས་ནི་ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་མཉམ་ལས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་རེད་ཅེས་ས་གནས་དེ་གའི་གྲོང་མིས་མྱོང་ཚོར་ཟབ་མོའི་ངང་བརྗོད།
“ངས་དེ་གར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པའི་དཔང་པོ་བྱེད་ཐུབ”
མཛའ་གྲོགས་ཐང་ཆེན་གྱི་འཛུལ་སྒོའི་ཕྱིའི་གྱང་ངོས་སུ་བྲིས་པའི“མཛའ་གྲོགས་ཐང་ཆེན”ཞེས་པའི་རྒྱ་ཡིག་ཡིག་འབྲུ་བཞི་པོ་མིག་ལམ་དུ་གསལ་ལེར་འཆར་ཞིང་། གཞི་དམར་པོའི་སྟེང་བྲིས་པའི་ཡི་གེ་དཀར་པོ་དེ་མངོན་གསལ་ཤིན་ཏུ་དོད། ཞོགས་པ་སྔ་པོ་ནས་གྲོང་མི་མི་ཉུང་བ་ཞིག་རྒྱུག་ཤར་དལ་བུར་གློད་ནས་ལུས་སྦྱོང་བྱེད་བཞིན་ཡོད་པ་དང་སའེ་ཀེ་ནེ་ཐེ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། ཁོང་གིས་གསར་འགོད་པར“དེ་གར་ཁོར་ཡུག་མཛེས་ལ་མཁའ་རླུང་གཙང་བས་ཕྱི་རོལ་དུ་ལུས་སྦྱོང་བྱེད་ས་ཡག་པོ་ཞིག་རེད”ཅེས་བརྗོད་པ་དང་། ནང་མི་དང་མཉམ་དུ་འཆམ་འཆམ་བྱེད་མཁན་པེ་ཁའེ་ལེ་ཡིས་རང་ཉིད་མེ་ཏོག་སོས་པ་དང་སྤང་ལྗོངས་ལ་ཧ་ཅང་དགའ་པོ་ཡོད། དེ་གའི་ཁོར་ཡུག་གིས་ང་ལ་སྐྱིད་སྣང་དོད་པའི་སྣང་བ་ཞིག་སྟེར་གྱི་འདུག་ཅེས་བརྗོད། “ངའི་ཁྱིམ་ནི་སྤྱི་གླིང་གི་ཉེ་འགྲམ་དུ་ཡོད་པས། ངས་དེ་གར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པའི་དཔང་པོ་བྱེད་ཐུབ”ཅེས་ཡུལ་སྐོར་ལས་དོན་ཁང་གི་ཁ་ལོ་བ་ཧོ་ནུའོ་ཁེས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་སྔོན་ཆད་དེ་གར་ཆུ་ཕྲན་ཞིག་ཡོད་ཀྱང་གྲོང་ཁྱེར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པས། ད་ཆ་དེར་སྦགས་བཙོག་འབུད་བྱེད་ཀྱི་ཆུ་ཡུར་དུ་གྱུར་ནས་ངོགས་གཉིས་སུ་རྩྭ་ངན་གྱིས་ཁེངས་པ་དང་། འཚོ་བ་དང་བཟོ་ལས་ཀྱི་གད་སྙིགས་ཕུང་གསོག་ཐེབས་ནས་ཁོར་ཡུག་ཉིན་བཞིན་ཇེ་སྡུག་ཏུ་ཕྱིན་རྐྱེན་ཉེ་འགྲམ་གྱི་གྲོང་མི་མང་པོ་ཞིག་གནས་སྤོ་མི་བྱེད་དཀའ་མེད་དུ་གྱུར་ཡོད་ཅེས་བརྗོད།
“ཚན་རྩལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ལྗང་མདོག་སྐྲུན་པར་འགན་ལེན་དང་ལྗང་མདོག་ཕན་འབྲས་ཐོན་པར་བྱས་པ”
“ཚན་རྩལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ལྗང་མདོག་སྐྲུན་རྒྱུ་འགན་ལེན་དང་ལྗང་མདོག་གི་ཕན་འབྲས་ཐོན་པར་བྱས་ཡོད”ཅེས་ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཨ་ཧྥེ་རི་ཁ་དབུས་མའི་ས་ཁོངས་ལྟེ་གནས་ཀྱི་འགན་འཁུར་བ་ཐའོ་ཧུང་གིས་བརྗོད། ཆུ་ལམ་གྱི་བཙོག་ཆུའི་གནད་དོན་ཐག་གཅོད་མཐར་ཕྱིན་བྱས་ཏེ་ཆུ་ལམ་དང་ཆུའི་ཐོན་ཁུངས་རྒྱུན་མཐུད་གཙང་མ་སྤྱོད་རྒྱུ་ཡོང་བ་བྱ་ཆེད། ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་གཞུང་ལམ་ལས་གྲྭ་ཅུས་དང་པོས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ནས་འཛུགས་སྐྲུན་བྱེད་རིང་ནང་འདྲེན་བྱས་པའི་རྒྱུ་ཆ་གསར་པ་དང་བཟོ་རྩལ་གསར་པ་མང་པོ་ཞིག་ཨེ་ཙེ་ཨོ་ཕི་ཡ་དང་ཐ་ན་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་ཚང་མར་ཐོག་མར་སྤྱད་ཡོད། གཞན་ཡང་རྣམ་གྲངས་འཛུགས་སྐྲུན་ཚོགས་པས་ད་དུང་རིང་ཚད་ལ་སྤྱི་ལེ་1.2ཡོད་པའི་ཆུ་ལམ་བཅོས་སྒྲིག་གི་ལས་འགན་འཁུར་བ་མ་ཟད། ཕྱེད་ས་འོག་གི་གྲུབ་ཆའི་གཅིག་འཐུས་རྣམ་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཞིག་གསར་དུ་བསྐྲུན་པ་དེ་ས་གནས་དེ་གའི་སྲོལ་རྒྱུན་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ས་བཟུང་རྒྱ་ཁྱོན་དང་བསྡུར་ན་དེ་བས་ཆུང་བ་དང་བཀོལ་སྤྱོད་རིན་ཐང་དེ་བས་མཐོ་བ་ཡོད་པས། སྤུས་ཚད་མཐོ་བ་དང་། ལས་ཕྱོད་ཆེ་བ། དྭངས་གཙང་ལྗང་མདོག་བཅས་ཀྱི་སྦགས་བཙོག་རྒྱུན་མཐུད་ངང་གཙང་གསིང་ཐུབ་ཡོད་པ་རེད།
“ཀྲུང་གོའི་སྐྱེད་ཚལ་རིག་གནས་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་ཐོན་འདུ་ཤེས་ཉམས་སུ་མྱོང་བ”
“ཨེ་ཙེ་ཨོ་ཕི་ཡ་བ་ཚང་མས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད” ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧོ་ལེ-ཝོ་ཁེ་ཡིས་མཛའ་གྲོགས་ཐང་ཆེན་ནི“རྒྱལ་ཁབ་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ”ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་ཡིས་རྣམ་གྲངས་འཛུགས་སྐྲུན་ཁྲོད་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་མཁན་ཀྲུང་གོའི་ཁེ་ལས་ཀྱི་འཛུགས་སྐྲུན་ནང་ཞུགས་མཁན་འཐུས་མིར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་ཆེད་མངགས་སྤྲད་པ་རེད།
ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཨ་ཧྥེ་རི་ཁ་ཤར་མའི་ས་ཁོངས་ལྟེ་གནས་ཀྱི་མཐོ་རིམ་གླ་པ་ཞིག་ཡིན་པའི་ཧྥེ་ཁེ་ལེ་ནི་ཆུང་དུས་ནས་ཨེ་ཏི་སི་ཨ་པ་པ་རུ་འཚར་ལོངས་བྱུང་བ་ཞིག་རེད། ཁོང་གིས་ས་གནས་དེ་གའི་མི་འབོར་མགྱོགས་མྱུར་འཕར་བར་བརྟེན་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་དེ་ཨར་འདམ་ལྕགས་རྩིབ་མའི་གནས་ཤིག་ལ་གྱུར་ཡོད་ཅེས་བརྗོད་པ་དང་། ཧྥེ་ཁེ་ལེ་ཡིས“མཛའ་གྲོགས་ཐང་ཆེན་གྱིས་འཕེལ་ཕྱོགས་དེར་འགྱུར་ལྡོག་ཕྱིན་ནས་ཨེ་ཏི་སི་ཨ་པ་པ་འདི་ཉིད་ལྗང་མདོག་ཏུ་འགྱུར་བཞིན་ཡོད”ཅེས་བརྗོད། “མཛའ་གྲོགས་ཐང་ཆེན་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་དང་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་རེད”ཅེས་ཨེ་ཙེ་ཨོ་ཕི་ཡའི་གསར་འགྱུར་ཁང་གི་གསར་འགོད་པ་ཅིར་མཱ·སྨིར་ཅི་ས་ཡིས་བརྗོད་པ་དང་། ཁོང་གིས“མི་རྣམས་མཛའ་གྲོགས་ཐང་ཆེན་དུ་བསྐྱོད་ཚེ་ལུས་སེམས་ལྷོད་ལ་བབ་ནས་རང་བྱུང་ཁམས་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ཀྲུང་གོའི་སྐྱེད་ཚལ་རིག་གནས་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་ཐོན་འདུ་ཤེས་ཀྱང་ཉམས་སུ་མྱོང་ཐུབ”ཅེས་བརྗོད།
(ཉི་དོན་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)