《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月21日

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་ཡང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་རང་བཞིན་གྱི་སྒྱུར་བཅོས་ཤིག་ཡིན་པ་དང་། དོན་དངོས་ཐོག་དེ་ནི་ཁེ་ལས་ལ་དེ་བས་དྲང་གཞག་དང་གོ་རིམ་ལྡན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་གཏོད་ཆེད་རེད། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་རྨང་གཞིའི་ལམ་ལུགས་ཀྱི་སྒྲིག་སྲོལ་གཅིག་གྱུར་དང་། ཁྲོམ་རའི་ལྟ་འདོམས་གཞུང་དྲང་གཅིག་གྱུར། ཁྲོམ་རའི་སྒྲིག་བཀོད་ཚད་གཞི་མཐོ་པོས་སྦྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་སྟེ། དེ་བས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འཕར་ཚད་སྲིད་ཇུས་སྡེབ་གཅིག་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཁེ་ལས་ཀྱི་དོན་དངོས་ཀྱི་དོ་ཁུར་བྱེད་ས་ནས་འགོ་རྩོམ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བསམ་ཆོག་ལ་སྤྱོད་ཆོག་པའི་སྒྱུར་བཅོས་དོན་ཚན་ལ་སྐུལ་འདེད་བཏང་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཁྲོད་ཞིབ་ཕྲའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས།

ས་གནས་ཁག་གིས་འགྲན་རྩོད་བཟང་པོའི་ཁྲོད་དུ་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་བ་མཐའ་འཁྱོངས་ཀྱིས་ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་ར་ཁག་བགོས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་དཔལ་འབྱོར་འཁོར་སྐྱོད་ལ་ཚོད་འཛིན་བཟོ་བའི་འགག་གནད་ལས་བསྒྲལ་ཏེ་ཚོང་ཟོག་དང་། རྒྱུ་རྐྱེན། ཐོན་ཁུངས་བཅས་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་འཁོར་རྒྱུག་དང་ཤར་བགྲོད་ཐུབ་པར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་ལས་འགལ་ཡང་ནོར་ཁྲལ་གྱི་བྱ་དགའ་དང་ཁ་གསབ་སྤྲོད་པ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་བ། དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས་ཁེ་ལས་ཁག་ཚང་མ་དྲང་གཞག་གི་འགྲན་རྩོད་ཁྲོད་སྟོབས་ཆེར་ཡོང་བ་བྱས་ཏེ། དེ་བས་མཐོ་བའི་དཔལ་འབྱོར་ཕན་འབྲས་ལ་བརྟེན་ནས་ས་གནས་ཁག་ཚང་མ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པ་དང་འབྲེལ། རྩ་དོན་ཐོག་གྲོས་འཆམ་བྱུང་ནས་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་དང་། ཚོགས་འདུའི་ཐོག་ཉ་ལས་ཐོན་ཁུངས་སྲུང་སྐྱོང་དང་། སྐྱེ་འཕེལ། གསར་སྤེལ། ལུགས་མཐུན་བེད་སྤྱོད་བཅས་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། རྒྱ་མཚོའི་གསོ་སྤེལ་འཕེལ་རྒྱས་ཤུགས་ཆེར་གཏོང་བ། རྒྱུད་པ་སྤུས་ལེགས་དང་། སྔོན་ཐོན་ལག་རྩལ། སྒྲིག་ཆས་གསར་པ་བཅས་ཁྱབ་གདལ་གཏོང་བ། ཆུའི་ཐོན་རྫས་ཀྱི་ཐོན་འབབ་དང་། སྤུས་ཚད། ཟུར་སྣོན་རིན་ཐང་བཅས་མཐོ་རུ་ཤུགས་ཆེན་བཏང་ནས། ཉ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)