《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月19日

རང་རྒྱལ་གྱིས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི་བཟོ་སྐྲུན་ཁྲི་55.6སྲུང་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུས་ཅང་ཤིས་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་དུ་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་རྒྱལ་གྱི་གྲོང་ཚོ་ཁྱོན་8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་འབྲེལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱས་ཡོད། ཞིང་ཆེན་16གིས་གྲོང་ཚོ་5028ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ནས་སྲོལ་རྒྱུན་བཟོ་སྐྲུན་ཁྲི་55.6སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་རིམ་པ་དང་དེ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་5965རྒྱུན་འཛིན་དང་འཕེལ་རྒྱས་བཏང་བས། འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། རིན་ཐང་ཆེ་ཤོས། སྲུང་སྐྱོང་ཆ་ཚང་ཤོས་བཅས་ཀྱི་སོ་ནམ་ཤེས་དཔལ་ཤུལ་བཞག་སྲུང་སྐྱོང་གི་ཁྱུ་ཚོགས་ཤིག་གྲུབ་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྲོལ་རྒྱུན་གྲོང་ཚོ་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་བརྟག་དཔྱད་དཔྱད་དཔོག་སྒྲིག་འཛུགས་ཀྱིས་སྤེལ་ཏེ་སྲོལ་རྒྱུན་གྲོང་ཚོའི“གསོན་ཤུགས”དེ་བས་ཆེ་རུ་གཏོང་དགོས་པ་དང་། ནུས་སྐྱེད་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་སྟོན་མུ་མཐུད་གཏོད་པ་དང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། སྤྲོ་གསེང་ཡུལ་སྐོར་དང་རིག་གནས་བསམ་བཀོད་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། “ཇུས་འགོད་གཤམ་སྐྱོད”མུ་མཐུད་བྱེད་པ། བཟོ་སྐྲུན་གནས་སྡོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྲོལ་རྒྱུན་གྲོང་ཚོའི“སྐྱིད་ཉམས”སྔར་བས་དོད་དུ་གཏོང་དགོས་པ། རིག་གནས་རྒྱུན་འཛིན་སྔར་བས་འབུར་དུ་ཐོན་པར་བྱས་ནས་གྲོང་ཚོའི་ལོ་རྒྱུས་རྩོམ་འབྲིར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་ལྡན་འཛུགས་གཏོད་ལ་ཞིབ་འཇུག་དང་གསེད་བཀྲོལ་བྱས་ཏེ་སྲོལ་རྒྱུན་གྲོང་ཚོའི“རིག་གནས་ཀྱི་ཉམས་སྣང”དེ་བས་ཟབ་ཏུ་གཏོང་དགོས། ལམ་ལུགས་ཀྱི་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྲིམས་སྲོལ་སྲིད་ཇུས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་མང་ཞུགས་པའི་མཉམ་ལས་ལམ་སྲོལ་འཛུགས་པ། ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྲོལ་རྒྱུན་གྲོང་ཚོའི་ལས་ཀའི་རྨང་གཞི་དེ་བས་བརྟན་དུ་གཏོང་དགོས།

(ཚེ་རིང་དབང་མོས་སྒྱུར་ཞུས་བྱས)