《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月19日

མི་དང་མཚོ་ཞི་མཐུན་མཉམ་གནས་བྱེད་པ།

—— ཡུན་ནན་དང་སི་ཁྲོན་གྱིས་ལག་གདང་སྦྲེལ་ནས“ས་མཐོའི་མུ་ཏིག”ལུའུ་ཀུའུ་མཚོར་སྲུང་སྐྱོང་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཙི་ཆང་། དབྱི་ཧེང་།

སྟོན་དུས་ཀྱི་དྲོ་འཇམ་ཉི་ཟེར་འོག་ཏུ་ལུའུ་ཀུའུ་མཚོའི་ངོས་སུ་གསེར་འོད་ཆེམ་ཆེམ་བྱེད་ལ། ཡུལ་སྐོར་བ་ཚོས་གཡས་གཡོན་གྱི་རི་བོའི་སྣང་བརྙན་མཚོ་ནང་དུ་གསལ་བར་ལྟ་བཞིན་དུ་རི་ཀླུང་ཀུན་དུ་དགོད་སྒྲ་དང་དགའ་སྤྲོའི་གླུ་སྒྲས་ཁེངས།

ལུའུ་ཀུའུ་མཚོ་ནི་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་ཉིང་ལང་དབྱིས་རིགས་རང་སྐྱོང་རྫོང་དང་སི་ཁྲོན་ཞིང་ཆེན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡི་ཡན་ཡོན་རྫོང་གི་ས་མཚམས་སུ་གནས་པ་དང་སྔར་ནས“ས་མཐོའི་མུ་ཏིག”གི་མཚན་སྙན་ཡོད་པ་མ་ཟད། ཆུའི་སྤུས་ཚད་ཀྱང་དུས་ཡུན་རིང་པོར་ས་ངོས་ཀྱི་ཆུའི་རིགས་Iཔོའི་ཚད་གཞི་རྒྱུན་འཁྱོངས་ཐུབ་ཡོད།

ལོ་མང་རིང་ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་ལུའུ་ཀུའུ་མཚོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་རྣམ་པ་སྣ་ཚོགས་དང་རིམ་པ་མི་འདྲ་བའི་འབྲེལ་གཏུག་སྤེལ་རེས་དང་མཉམ་ལས་བྱས་པ་རེད། ལུའུ་ཀུའུ་མཚོའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་སྦྲགས“མཚོ་གཅིག་གཉིས་བཅོས”དང“མཚོ་གཅིག་ལོགས་བཅོས”ལས་གནད་དོན་རབ་དང་རིམ་པ་ཐོན་ནས་མཉམ་དུ་ཁྲིམས་འཛུགས་དང་། མཉམ་དུ་བཅོས་སྐྱོང་། མཉམ་དུ་དོ་དམ་བཅས་བྱེད་པ་ཁ་ཚ་དགོས་གཏུགས་སུ་གྱུར།

མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཤིང་། 2019ལོའི་ཟླ་དང་པོར་ཡུན་ནན་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་ཐོག་ལུའུ་ཀུའུ་མཚོར་སྲུང་སྐྱོང་དང་བཅོས་སྒྲིག་བྱེད་པའི“1+3”གྱི་ཇུས་གཞི་བཀྲམ་ནས་ཞིང་ཆེན་དང་སྡེ་ཚན་བརྒལ་བའི་ལྟ་འདོམས་དང་འཕྲལ་སྡོམ་མཐུན་སྦྱོར་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ནས། ཞིང་ཆེན་བརྒལ་བའི་མཚོའི་མཚོ་དཔོན་གྱི་རིམ་མཐོའི་གྲོས་མོལ་མཐུན་སྦྱོར་ལས་སྟེགས་བཙུགས་པ་དང་། 2023ལོའི་ཟླ་3པར་ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་ལུའུ་ཀུའུ་མཚོར་སྲུང་སྐྱོང་གི་མཐུན་སྦྱོར་ཁྲིམས་འཛུགས་ལས་དོན་སྤེལ་འགོ་བཙུགས་པ་རེད། 2023ལོའི་ཟླ་9པར། ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས《ཡུན་ནན་ཞིང་ཆེན་གྱི་ལུའུ་ཀུའུ་མཚོའི་སྲུང་སྐྱོང་སྲོལ་ཡིག》དང《སི་ཁྲོན་ཞིང་ཆེན་གྱི་ལུའུ་ཀུའུ་མཚོའི་སྲུང་སྐྱོང་སྲོལ་ཡིག》ལ་སྔ་རྗེས་སུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་2023ལོའི་ཟླ་12ཚེས་1ཉིན་ནས་བཟུང་དུས་མཉམ་དུ་ལག་བསྟར་བྱས་ཡོད།

ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཐུན་སྦྱོར་ཁྲིམས་འཛུགས་བྱས་པ་བརྒྱུད། ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ལུའུ་ཀུའུ་མཚོར་སྲུང་སྐྱོང་སྲོལ་ཡིག་གི་སྒྲིག་གཞིའི་གྲུབ་ཆ་དང་ལྟེ་བའི་ནང་དོན་གཅིག་པ་བཟོས་པ་དང་། སྲུང་སྐྱོང་རྩ་དོན་དང་། སྲུང་སྐྱོང་བྱེད་ཐབས། གཏན་འགོག་རང་བཞིན་གྱི་གཏན་འབེབས་གཙོ་བོ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་གཅིག་གྱུར་བྱུང་ནས“མཚོ་གཅིག་མཉམ་བཅོས”མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

ལི་ཅང་ལུའུ་ཀུའུ་མཚོའི་དོ་དམ་ཅུས་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལི་ཕིན་ཁྲུའུ་ཡིས། ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་རིམ་ཁག་མཚོ་དཔོན་གྱིས་མཉམ་འབྲེལ་ཐོག་མཚོ་སྐོར་བརྟག་ཞིབ་ཐེངས་མང་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་མཉམ་འབྲེལ་ཐོག་མཚོ་རྒྱ་བསྡམས་ནས་ཉ་འཛིན་མི་ཆོག་པ་དང་། ཆུ་ལམ་གཤོང་བ། ཡུལ་སྐོར་ཁྲིམས་འཛིན། ཆུ་ཐོག་འཕྲལ་སྡོམ་ནང་སྦྱོང་སོགས་ཐེངས་མང་བྱས་ཏེ་ལུའུ་ཀུའུ་མཚོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་ལས་རིགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་བྱས་ཡོད་ཅེས་བཤད།

ཏང་ཨུད་དང་སྲིད་གཞུང་གི་སྐུལ་ཁྲིད་འོག་དམངས་ཡོངས་མཚོར་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ཞིང་། མང་ཚོགས་དང་བླངས་པ་དབྱངས་ཅན་པད་མ་ཚེ་རིང་དང་ལི་ཀྲི་ཀྲེ་ནི་ཡུན་ནན་དང་སི་ཁྲོན་ནས་ཡིན་པ་དང་ཁོང་ཚོས་རྟག་ཏུ་མཉམ་དུ་མཚོ་སྐོར་དང་ཆ་འཕྲིན་སྤེལ་རེས་བྱེད་ཀྱི་ཡོད་ལ། ལུའུ་ཀུའུ་མཚོའི་སྲུང་སྐྱོང་སྲོལ་ཡིག་དྲིལ་བསྒྲགས་དང་། བཙོག་འབུད་སྒྲིག་ཆས་ལ་ཞིབ་བཤེར། ཡུལ་སྐོར་བར་ཡ་རབས་ངང་ཡུལ་སྐོར་བྱ་རྒྱུར་ཁྲིད་སྟོན་བཅས་ཀྱང་བྱེད་ཀྱི་ཡོད། དབྱངས་ཅན་པད་མ་ཚེ་རིང་གིས། ཡུལ་སྐོར་ལས་རིགས་དར་རྒྱས་ཕྱིན་པ་དང་བསྟུན་ནས་སྲུང་སྐྱོང་གི་གནོན་ཤུགས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད་པས། མང་ཚོགས་ཀྱིས་བཅོས་སྒྲིག་ནང་ཧུར་ཐག་ཞུགས་ནས་ལུའུ་ཀུའུ་མཚོར་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་ཞེས་བཤད།

གྲུ་བཏང་ནས་ཡུལ་སྐོར་བྱེད་པ་དང་། སྐྱེ་ཁམས་ཁྱམས་ལམ་དུ་འཆམ་འཆམ་དུ་འགྲོ་བ། དམངས་སྲོལ་གནས་ཚང་དུ་སྡོད་པ་སོགས་ཀྱི་རྣམ་གྲངས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ལུའུ་ཀུའུ་མཚོའི་དགུན་དུས་ཉི་འོད(སྙན་ངག)གླུ་གཞས་དུས་ཚིགས་དང་། ལུའུ་ཀུའུ་མཚོའི་རི་སྐོར་དུས་ཆེན། ལུའུ་ཀུའུ་མཚོའི་བུད་མེད་རྐང་ཐང་འདུ་ཚོགས་སོགས་ཁྱད་ལྡན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ད་ཆ་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ལུའུ་ཀུའུ་མཚོར་ཡོང་སྟེ“མི་ཡུལ་གྱི་དག་ཞིང”འདིའི་བག་ཕེབས་ཀྱི་སྤྲོ་གསེང་ལ་རོལ་བ་དང་ཆབས་ཅིག ས་གནས་དེ་གའི་གྲོང་མིས་ཀྱང་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།

“ལུའུ་ཀུའུ་མཚོས་ང་ཚོའི་ནང་མི་ཡོངས་བསྐྱངས་ཡོད། ‘མ་ཡུམ་མཚོར’ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཀླུང་གིས་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་སྐྲུན་དགོས”ཞེས་ལོ་ལྟར་ལུའུ་ཀུའུ་མཚོར་གྲུ་བཏང་ནས་འགྲུལ་པ་སྐྱེལ་མཁན་གྲོང་མི་བཀྲ་ཤིས་ཚེ་རིང་གིས་བཤད།

ལེའང་ཧྲན་ཀྲོའུ་མོ་སུའོ་ཁྱིམ་གཞིས་དང་ལུའུ་ཀུའུ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲེང་ཝེ་ཡིས། གོམ་སྟབས་རྗེས་མར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རྣམ་གྲངས་འཛུགས་སྐྲུན། མཛེས་ལྗོངས་ཁུལ་དོ་དམ་བཅས་གཙོ་གནད་དུ་བྱས་ནས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་སྟེ་ལུའུ་ཀུའུ་མཚོ་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་དང་། སྔར་བས་གནས་འཕྲོད། སྔར་བས་ཡུལ་སྐོར་ལ་འཚམ་པ་བཅས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

(བདེ་དབང་དང་སྒྲོན་ལགས་ཀྱིས་ཞུས)