《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月19日

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་བདེ་བླག་ངང་གྲོལ་བ།

ཤིན་ཧྭ་གསར་འགྱུར་ཁང་ཉིང་པོ་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཀྲེ་ཅང་ཉིང་པོའི་ཞུའེ་ཏོའུ་ཧྲན་རུ་བདེ་བླག་ངང་གྲོལ་ཞིང་། གླེང་སྟེགས་ཀྱིས《ཞུའེ་ཏོའུ་ཧྲན་གྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ནང་བསྟན་གྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

སྐབས་འདིའི་གླེང་སྟེགས་ཀྱིས“བསམ་སྤྱོད་གཅིག་མཚུངས·ཞི་མཐུན་མཉམ་གནས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཚོགས་ཞུགས་སྐུ་མགྲོན་ཚོས་ནང་བསྟན་གྱི་ཁོང་ཡངས་བློ་གྲོས་དང་། བསམ་པའི་སྙིང་དོན། ཆོས་རྒྱུད་རྒྱུན་འཛིན། གསུང་རབ་ཕྱོགས་བསྡུས། སྤྱི་ཚོགས་ཀྱི་འགན་འཁྲི། རིག་གནས་སྒྱུ་རྩལ། མི་ཡུལ་གྱི་ནང་བསྟན་བཅས་ཀྱི་བསམ་བློ་དང་སྙིང་དོན་དང་། བཏང་སྙོམས་ཀྱི་བསམ་བློ། ཞི་བདེའི་བློ་གྲོས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་ནང་བསྟན་རིག་གནས་ཀྱི་སྙིང་བཅུད་དང་། བསམ་བློའི་ནང་དོན། དུས་རབས་ཀྱི་རིན་ཐང་བཅས་བགྲོ་གླེང་དང་སྔོག་འདོན་ཟབ་མོ་བྱས་པ་རེད།

ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡན་ཅུའེ་ཡིས་རེ་བར་གླེང་སྟེགས་དེ་ལས་སྟེགས་སུ་བྱས་ཏེ་ནང་བསྟན་གྱི་བྱམས་སྙིང་རྗེ་དང་བློ་གྲོས་ཀྱི་སྙིང་དོན་རྒྱུན་འཛིན་དང་ནང་བསྟན་གྱི་ཞི་བའི་བསྟན་དོན་དར་སྤེལ་བཏང་སྟེ་འཛམ་གླིང་གི་ནང་པ་སངས་རྒྱས་པ་དང་ཞི་བདེར་དགའ་ཞེན་བྱེད་མཁན་དཔྱོད་ལྡན་ཚང་མར་མཐུན་སྒྲིལ་བྱས་ཏེ་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་དང་། ཤེས་དཔལ་སྤེལ་རེས་མྱོང་ལེན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བཅས་བྱེད་པར་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

གླེང་སྟེགས་ཀྱིས《ཞུའེ་ཏོའུ་ཧྲན་གྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱས་པ་དང་འདུལ་ཁྲིམས་ལ་བརྟེན་ནས་བརྩོན་འགྲུས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ཀྱི་སྒྲུབ་པ་ལྷུར་ལེན་མཐའ་འཁྱོངས་བྱས་ཏེ་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐད་ཁོངས་ཆེན་པོ་གསུམ་གྱི་ནང་བསྟན་གྱི་གསུང་རབ་དང་བསམ་བློའི་སྤེལ་རེས་མྱོང་ལེན་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། ནང་བསྟན་གསུང་རབ་གྲངས་འཛིན་ཅན་གྱི་འདུ་འགོད་ལག་བསྟར་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ནོར་མཛོད་ཕུན་སུམ་ཚོགས་སུ་གཏོང་བ། དེང་དུས་ནང་བསྟན་གྱི་དགོངས་པ་དང་ལག་ལེན་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་དང་ནང་བསྟན་གྱི་སྒྱུ་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནང་བསྟན་གྱི་མཛའ་གྲོགས་སྤེལ་རེས་ཧུར་ཐག་བྱས་ཏེ་སྲོལ་རྒྱུན་གྱི་ནང་བསྟན་མཛའ་གྲོགས་རྒྱུན་འཛིན་བྱས་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཁྲོད་ཀྱི་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཟླ་10ཚེས་15ཉིན་ནས་ཚེས་17ཉིན་བར་གཉེར་བ་དང་། རྒྱལ་ཁབ་དང་ས་ཁུལ་72ནས་ཡོང་བའི་ནང་བསྟན་གྱི་འཐུས་མི་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་800ཙམ་ཞུགས་ཡོད། གླེང་སྟེགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཏུང་ཉི་ཨའོ·ཀུ་ཐེ་ལེ་སི་དང་དེ་བཞིན་རྒྱལ་ཁབ་དང་ས་ཁུལ་26དང་རྒྱལ་སྤྱིའི་རྩ་འཛུགས་3གྱིས་སྤྲིངས་པའི་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་འཕྲིན་ཡིག་ཁག་66འབྱོར་ཞིང་། གླེང་སྟེགས་གཉེར་རིང་གླེང་སྟེགས་གཙོ་བོ་དང་། ཡན་ལག་གླེང་སྟེགས། སྨྱན་སྦྱོར་གསར་པའི་གླེང་སྟེགས། བརྙན་འཕྲིན་གླེང་སྟེགས་བཅས་དང་། དེ་བཞིན་ནང་བསྟན་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སོགས་བྱེད་སྒོ་སྤེལ་བ་རེད།

(བསོད་བདེ་ཆེ་བས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)