ཤིན་ཧྭ་གསར་འགྱུར་ཁང་ཉིང་པོ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོ་རུ་འགོ་ཚུགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་བསྒྲོན་པ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཤེས་དཔལ་ནི་སྤེལ་རེས་ལས་སྣ་མང་ཕུན་སུམ་ཚོགས་སུ་དང་ཤེས་དཔལ་ནི་ཕན་ཚུན་ཉམས་ལེན་བྱས་པ་ལས་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད” “ཕན་ཚུན་བརྩི་འཇོག་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་མཉམ་གནས་བཅས་བྱེད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་ཡང་དག་པའི་འགྲོ་ལམ་ཞིག་རེད”ཅེས་གསུངས་པ་རེད། ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་པའི་འདུ་ཤེས་ཤིག་ཡིན་པ་དང་ཀྲུང་ཧྭའི་ཤེས་དཔལ་སྒོ་དབྱེ་བསྟུན་མཁས་ཡིན་པས་འཛམ་གླིང་དུ་སྐད་གྲགས་ཆོད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། བསྟུན་ཡང་གཅིག་མཚུངས་མི་བྱེད་པ། བརྩི་འཇོག་དང་བསྟུན་མཁས་བཅས་དར་སྤེལ་བཏང་ནས་ཤེས་དཔལ་གཞན་དག་དང་སྤེལ་རེས་དང་ཉམས་ལེན་བྱེད་རིང་གསོན་ཤུགས་གསར་པ་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། སྐབས་འདིའི་གླེང་སྟེགས་ཀྱིས“བསམ་སྤྱོད་གཅིག་མཚུངས·ཞི་མཐུན་མཉམ་གནས”བརྗོད་དོན་གཙོ་བོར་བྱས་པ་དང་དེ་ནི་ཀྲུང་གོའི་ནང་བསྟན་གྱི་སྒོ་དབྱེ་བསྟུན་མཁས་དང་། འཛམ་གླིང་གི་ནང་བསྟན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཉམས་མྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། རེ་བར་རྒྱ་ཆེའི་ནང་བསྟན་རིགས་ཁོངས་ཀྱི་མི་སྣས་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དགེ་བརྩོན་ཡར་ཐོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་རབས་ཡར་ཐོན་གྱི་བླང་བྱ་དང་བསྟུན་ཏེ་ནང་བསྟན་གྱི་གནས་ལུགས་དང་བསྟན་དོན་ལ་གསལ་འགྲེལ་ཡག་པོ་བྱེད་པ་དང་། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་སྐད་ཆ་ཤོད་རེས་བྱེད་པར་སྐུལ་འདེད་གཏོང་བ། དད་མོས་མི་འདྲ་བ་ཞི་མཐུན་མཉམ་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཝང་ཧུའུ་ཉིང་གིས་གསུངས་དོན། ཀྲུང་གོས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ཆོས་ལུགས་རིགས་ཁོངས་ཀྱིས་རང་བརྟེན་རང་བདག་དང་། འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་ནང་བསྟན་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ནང་བསྟན་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ནང་བསྟན་རིགས་ཁོངས་ཀྱིས་རང་འགུལ་ངང་གོ་ལ་ཧྲིལ་པོའི་ཆོས་ལུགས་དང་ཤེས་དཔལ་ཐད་སྐད་ཆ་ཤོད་རེས་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཁག་གི་ནང་བསྟན་རིགས་ཁོངས་དང་མཛའ་གྲོགས་སྤེལ་རེས་བྱས་ཐོག་དམངས་ཁྲོད་དབར་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་བཏོན་གནང་བ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས“གྲོས་འགོ་ཆེན་པོ་གསུམ”བཏོན་ནས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཇུས་གཞི་གསར་པ་བཏོན་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་ཆེད་འཆར་གཞི་གསར་པ་བཏིང་བས་འཕོ་འགྱུར་དང་ཟང་ཟིང་ཆེ་བའི་འཛམ་གླིང་འདིར་བརྟན་ལྷིང་རང་བཞིན་དང་། གཏན་འཁེལ་རང་བཞིན། དྲང་ནུས་བཅས་བསྣན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་སེམས་སུ་འཆང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དད་སེམས་སུ་འཛིན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་མ་འཚོག་གོང་དུ་ཝང་ཧུའུ་ཉིང་གིས་གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་འཐུས་མི་དང་མཇལ་འཕྲད་གནང་བ་དང་ཧྲི་ཐའེ་ཧྥུང་མཇལ་འཕྲད་ལ་ཞུགས་པ་མ་ཟད་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
འཛམ་གླིང་གི་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་ཧྭའི་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲེ་ཅང་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་72ནས་ཡིན་པའི་ནང་བསྟན་རིགས་ཁོངས་ཀྱི་འཐུས་མི་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་800ཙམ་གླེང་སྟེགས་ལ་ཕེབས་ཡོད། གླེང་སྟེགས་གཉེར་རིང་གླེང་སྟེགས་གཙོ་བོ་དང་། ཡན་ལག་གླེང་སྟེགས། སྨྱན་སྦྱོར་གསར་པའི་གླེང་སྟེགས། བརྙན་འཕྲིན་གླེང་སྟེགས་བཅས་དང་དེ་བཞིན་ནང་བསྟན་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སོགས་བྱེད་སྒོ་སྤེལ་རྒྱུ་རེད།
(བསོད་བདེ་ཆེ་བས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)