《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月18日

ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་2024ལོའི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་2024ལོའི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཨའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་གནང་བ་མ་ཟད། ཝུའེ་ལན·ཕུའུ་ཐེར་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཆེས་གལ་ཆེའི་ཕྱོགས་གཉིས་པོའི་འབྲེལ་བ་ཞིག་ཡིན་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་། ཀྲུང་ཨའི་འབྲེལ་བ་ཐག་གཅོད་བྱེད་ཀྱི་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གྲུབ་འབྲས་ནི་ཕན་ཚུན་གྱི་གོ་སྐབས་དམ་འཛིན་བྱས་པ་ལས་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ཕྱིར་རྒྱལ་ཁབ་གཉིས་པོ་ངེས་པར་དུ་ཕར་ཕྱོགས་འཕེལ་རྒྱས་ཀྱི་རམ་འདེགས་ལ་འགྱུར་བར་བྱེད་པ་ལས་འགོག་རྐྱེན་དུ་མི་འགྱུར་བ་བྱེད་དགོས། ཀྲུང་གོས་ཨ་རི་དང་རོགས་ཟླ་དང་གྲོགས་པོ་སྒྲིག་འདོད་ཡོད། དེས་རྒྱལ་ཁབ་གཉིས་པོར་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་ལ་ཕན་པའང་བསྐྲུན་གྱི་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཀྲུང་གོས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་པས་ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་གཏོད་པ། ཁྲོམ་རའི་ལེགས་ཆ་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བཅས་བྱས་ནས་ཀྲུང་ཨའི་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན། ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ལས་རིགས་ཁག་གི་གྲོགས་པོ་ཚོས་ཀྲུང་ཨའི་འབྲེལ་བར་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་མུ་མཐུད་ཧུར་ཐག་ཞུགས་པ་དང་འབྲེལ་དེའི་ཁྲོད་ནས་ཕན་པ་ཐོབ་ཐབས་བྱེད་པ། འགྲོ་འོང་དང་སྤེལ་རེས་མང་ཙམ་བྱེད་པ། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”དེ་དོན་དངོས་ལ་འགྱུར་བ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་ཐོབ་པ་དང་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་རྒྱུའི་རེ་བ་ཡོད།

དེ་ཉིན་ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱིས་ཀྱང་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

(ཉི་དོན་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)