ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་འདེགས་ནི་ཞིང་ལས་ཚན་རྩལ་གྲུབ་འབྲས་ཞིང་ནང་དུ་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཡིན་ཞིང་། ད་ཕན་ལོ་ཤས་རིང་བརྙན་ཐུང་དང་ཐད་གཏོང་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་རྒྱུར་ཐུན་མོང་མ་ཡིན་པའི་ནུས་པ་འདོན་བཞིན་ཡོད།
འཆར་ཤེལ་སྟེང་གི“ཞིང་ལས”ཀྱིས་ཞིང་དུད་ཆུང་ངུར་དེང་རབས་ཞིང་ལས་ལག་རྩལ་སྦྲེལ་མཐུད་བྱེད་རོགས་ཇི་ལྟར་བྱེད་དམ། དེའི་ཁྲོད་ཡང་སྙིང་ལུ་གུ་རྒྱུད་ཀྱི་འགྱུར་ལྡོག་ཇི་ལྟར་ཐོན་ཡོད་དམ། དོན་དེར་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།
བཀོལ་སྤྱོད་སྟབས་བདེ་བ་དང་ནུས་ཕྱོད་ཆེ་བ་ལས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་དཀའ་གནད་བསལ་བ།
ཨན་ཧུའེ་ཧྥུང་ཐའེ་རྫོང་ཀོན་ཏེན་ཤང་ཞིང་ལས་ལག་རྩལ་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲའོ་ཡཱ་ཡིས་དུས་ཐོག་ཏུ་བརྙན་ལམ་ཐུང་ངུ་གསར་པ་བརྗེ་བ་དང་དཔྱད་གཏམ་འཇོག་ཁུལ་དུ་ཞིང་དུད་ཀྱིས་འཚང་ཁ་ཤིག་ཤིག་ངང་མོས་བསྟོད་བྱས་པ་མ་ཟད་ལ་ལས་ད་དུང་ལན་འཇོག་སྐད་ཆ་འདྲི་གི་ཡོད།
ཞིང་པའི་ཐོན་སྐྱེད་ཁྲོད་ཀྱི་དཀའ་གནད་དངོས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། གཞི་རིམ་གྱི་ཞིང་ལས་ལག་རྩལ་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་27འཁོར་བའི་ཀྲའོ་ཡཱ་ཡིས“ད་ཆ་བརྙན་ཐུང་ལྟ་རྒྱུ་དར་བཟོ་ཆེན་པོ་ཡོད་པས་རྣམ་ཀུན་ཞིང་ནང་དུ་ཤེས་རྟོགས་བྱུང་བའི་གནས་ཚུལ་བརྙན་ཐུང་བཟོས་ན་ནུས་པ་གང་འདྲ་ཐོན་མིན་ལ”རྟག་ཏུ་བསམ་གཞིག་བྱེད་ཀྱི་ཡོད།
2018ལོར་ཀྲའོ་ཡཱས་བརྙན་ཐུང་གི་ཨང་རྟགས“ཀྲེན་ཀྲང་ཀྲའོ་ཡཱ་ཡིས་ཞིང་ལས་གླེང་བ”ཞེས་པ་ཐོ་འགོད་བྱས་ནས་དྲ་ཐོག་དང་དྲ་ཕྱི་གཉིས་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་ལ་ཞབས་འདེགས་ཞུ་གི་ཡོད། ཞིང་དུད་དེ་བས་མང་བར་ཆ་འཕྲིན་མཉམ་སྤྱོད་བྱ་ཆེད་ཀྲའོ་ཡཱ་ཡིས་བརྙན་ཐུང་ལ་རྟགས་བཀོད་དེ་དུས་ཚོད་དམ་འཛིན་གྱིས་འཁྱུག་དབྱིངས་དང་། ཁོའེ་ཧྲོའུ། སྐད་འཕྲིན་འཕྲིན་ཐུང་ཨང་རྟགས་བཅས་སུ་དུས་གཅིག་ཏུ་བཏོན་པས་གཏོང་འབོར་ཁྲི་ཁ་ཤས་སུ་མགྱོགས་མྱུར་འཕར་ཡོད།
ད་ཕན་ལོ་ཤས་རིང་ཀྲའོ་ཡཱ་དང་འདྲ་བའི་ཞིང་ལས་ལག་རྩལ་ལས་དོན་པ་མང་པོས་རང་འགུལ་ངང་བརྙན་ཐུང་ལས་སྟེགས་སྤྱད་དེ་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་གསར་འབྱེད་བྱས་ཤིང་། གྲངས་གཞི་ལས་མངོན་པར། 2023ལོར་ཁོའེ་ཧྲོའུ་ཡི་ལས་སྟེགས་སུ་ཞིང་ལས་ལག་རྩལ་ཐད་ཀྱི་རྩོམ་པ་པོ་ཁྲི་21.6ཙམ་ཟིན་པ་དང་ཉིན་རེའི་ཆ་སྙོམས་ཐད་གཏོང་བྱེད་ཚད་ཆུ་ཚོད་ཁྲི་5ཟིན་ནས་ཤང་གྲོང་26825ལ་ཁྱབ་པ་དང་། འཁྱུག་དབྱིངས་ལས་སྟེགས་སུ་ཁྱོན་ཞིང་ལས་ལག་རྩལ་གྱི་བརྙན་ཐུང་ཁྲི་2778.3བཏོན་པར་གཏོང་འབོར་ཁྱོན་ཐེངས་དུང་ཕྱུར་1206.2ཟིན་ཡོད།
“གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་འདེགས་ཞུ་སྟངས་ཁ་ཚ་དགོས་གཏུགས་ངང་གསར་གཏོད་བྱས་ཏེ་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་ཞིང་ལས་གྲོང་གསེབ་པུའི་ཚན་རིག་ལག་རྩལ་སིའི་ཚན་རྩལ་ཁྱབ་གདལ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་པ་དང་འཁྱུག་དབྱིངས་ལས་སྟེགས་སུ་ཞིང་ལས་གྲོང་གསེབ་པུའི་ཚན་རྩལ་ལག་རྩལ་སིའི་གཞུང་ཕྱོགས་ཨང་རྟགས“ཀྲུང་གོ་ཞིང་ལས་ལག་རྩལ་ཁྱབ་གདལ”གྱིས“ཞིང་གསུམ”སྲིད་ཇུས་ཡོངས་བསྒྲགས་དང་ཞིང་ལས་ལག་རྩལ་ཆ་འཕྲིན་བརྒྱུད་བསྐུར་སོགས་ཀྱི་བྱེད་ནུས་མུ་མཐུད་བཏོན་ནས་རིམ་རྩིས་བརྒྱབ་ན་བརྙན་ཐུང་5000ལྷག་ཙམ་བཏོན་པར་མོས་བསྟོད་ཁྲི་397ལྷག་ཙམ་ཐོབ་པ་རེད།
ནང་དོན་གྱི་གྲུབ་ཆ་མགྱོགས་མྱུར་ལེགས་སྒྲིག་བྱས་ཏེ་ཆེད་ལས་ཤེས་ལྡན་པ་དང་སྤུས་ལེགས་ཐོན་ཁུངས་དེ་བས་མང་བས་ལས་སྟེགས་དང་འབྲེལ་མཐུད་ཐུབ་པ།
འདི་ལོའི་ཟླ་དང་པོར་ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭས་ཁོའེ་ཧྲོའུ་དང་འབྲེལ་མཐུད་བྱས་ཏེ“ཞིང་ལས་ལག་རྩལ་གྲགས་ཅན་པ”ཡི་བརྙན་ཐུང་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་དང་ཕུན་སུམ་ཚོགས་པའི་འབྲས་ཤིང་གི་ཤེས་བྱའི་རྩལ་ནུས་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པར་བརྟེན་ནས་ཧྲན་ཏུང་ལིན་དབྱི་ཚན་རྩལ་ལས་རིགས་སློབ་གླིང་དེང་རབས་ཞིང་ལས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཞུས་མིང་ཅུས་ལ་འགྲན་བསྡུར་ཆེ་མོའི་ཨང་དང་པོ་ཐོབ་པ་རེད།
ཞུས་མིང་ཅུས་ཀྱི་སྨྱན་སྦྱོར་གསར་པའི་ཨང་རྟགས“འབྲས་ཤིང་བརྡར་པ་ཞུས་མིང་ཅུས”ཞེས་པ་ཁ་ཕྱེ་ཚེ་འདེབས་འཛུགས་དོ་དམ་ནས་ཞབས་འདེགས་གཉེར་སྐྱོང་བར་གྱི་ནང་དོན་མི་འདྲ་བ་དག་རིགས་དབྱེ་ཞིབ་ཚགས་དང་ལེགས་བསྡུས་ཡག་པོ་བྱས་ཁར་བརྙན་ཐུང་ཚང་མར་ད་དུང་གནད་ཚིག་གི་མཆན་བཀོད་དེ་ཤིང་འབྲས་འདེབས་མཁན་ཞིང་པས་དགོས་མཁོ་ལྟར་འཚོལ་བཤེར་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།
སྤྱོད་མཁན་གྱི་དགོས་མཁོ་དབྱེ་ཞིབ་བྱ་རྒྱུའང་གལ་འགངས་ཆེ་བ་ཞིག་ཡོད་ཅིང་། ལོ་10ལྷག་ཙམ་གྱི་གོང་དུ་ཞུས་མིང་ཅུས་ཀྱིས་དྲ་རྒྱའི་བརྙན་ཐུང་བརྒྱུད་སློབ་ཚན་ཁྲིད་འགོ་ཚུགས་པ་དང་སློབ་ཚན་ཉན་མཁན་ལ་ལ་ནི་འདེབས་འཛུགས་ཐར་ཐོར་བྱེད་པ་ནས་ལོ་རེ་བཞིན་གཞི་ཁྱོན་ངེས་ཅན་ལྡན་པའི་བར་འཕེལ་རྒྱས་གཏོང་མཁན་ཡིན་པ་དང་། ལ་ལ་ནི་ཞིང་ལས་རྒྱུ་ཆ་དང་ཞིང་ལས་ཐོན་ཟོག་འཚོང་བ་ནས་འདེབས་འཛུགས་ལས་རིགས་གཉེར་མཁན་ཡིན་པ་རེད། ཞུས་མིང་ཅུས་ཀྱིས“ཤིང་འབྲས་འདེབས་མཁན་གྱི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་དང་ཞིང་ལས་ལག་རྩལ་གྱི་བརྙན་ཐུང་བཟོ་བར་ཡུལ་བབ་དང་བསྟུན་ཚེ་གཞི་ནས་ལག་རྩལ་དེ་བས་མྱུར་བ་དང་དེ་བས་འཕྱུགས་མེད་ངང་དོན་འཁྱོལ་བྱེད་ཐུབ”ཅེས་བཤད།
གྲངས་འབོར་མང་དུ་གཏོང་བ་ནས་སྤུས་ཚད་ལེགས་སུ་བཏང་བས། ཞིང་ལས་ལག་རྩལ་བརྙན་ཐུང་གི་ནང་དོན་ཇེ་ལེགས་སུ་འགྲོ་བཞིན་ཡོད། བརྙན་ཐུང་ལས་སྟེགས་སུ་འདེབས་གསོ་ནས་ཐུམ་སྒྲིལ་གཉེར་ཚོང་བར་དང་། ཞིང་ཁ་ཆེན་པོའི་ཐོན་སྐྱེད་ནས་རིག་ལྡན་ཞིང་ལས་དང་ཁྱིམ་ཚང་ལྡུམ་རའི་ལག་རྩལ་བར། ཞིང་ལས་ལག་རྩལ་ལས་དོན་པ་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་དང་ཐ་ན་ཞིང་ལས་སྨྱན་སྦྱོར་ཚང་མ་དྲ་གྲགས་སྙན་སྒྲོན་པ་གཙོ་བོར་གྱུར་ནས་ཞིང་ལས་ཤེས་བྱ་དང་རྩལ་ནུས་ཁག་མཉམ་སྤྱོད་བྱེད་བཞིན་ཡོད། 2022ལོ་ནས་བཟུང་ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་དང་འཁྱུག་དབྱིངས་ཀྱིས་མཉམ་དུ“ཞིང་པ་གསར་པའི་འཆར་གཞི·འཁྱུག་དབྱིངས་ནས་ཞིང་ལས་ལག་རྩལ་སྦྱོང་དང”ཞེས་པའི་བྱེད་སྒོ་ཁྱབ་གདལ་བཏང་བར་ད་བར་ཞིང་ལས་ལག་རྩལ་བ་1840དང་ཞིང་ལས་ཁྱབ་ཁོངས་ཀྱི་ཚན་རིག་མཁས་ཅན་10ཞུགས་ཏེ་རིམ་རྩིས་བརྒྱབ་ན་ཞིང་ལས་ལག་རྩལ་གྱི་ཚན་རིག་ཁྱབ་གདལ་བརྙན་ཐུང་ཁྲི་4ལྷག་ཙམ་ཁྱབ་སྤེལ་བྱས་པ་དེ་དག་ནང་དེང་དུས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་གཙོ་གནད་ཁྱབ་ཁོངས་ཚུད་ཡོད།
ཐད་གཏོང་རྒྱུགས་འབོར་གྱིས་གྲོང་གསེབ་ལ་ཕན་པ་བཏགས་ཏེ་ཞིང་ལས་རིན་ཐང་འཁོར་འབྲེལ་སྣུར་སྲིང་དང་བཀོལ་སྤྱོད་ཡུལ་རྣམ་ཕུན་སུམ་ཚོགས་སུ་བཏང་བ།
“ཁྱེད་ཀྱིས་དངོས་གནས་ལིན་ལུད་ལ་རྒྱུས་མངའ་ཡོད་དམ”“རྦད་དེ་རང་འགུལ་གྱི་ཆུ་ལུད་གཞི་གཅིག་ཅན་གྱི་ལས་ཀ་ཇི་ལྟར་བྱེད་དམ”ཧུའུ་ནན་ཞིང་ལས་སློབ་ཆེན་རྩི་ཤིང་སྲུང་སྐྱོང་སློབ་གླིང་ནས་ཐོན་པ་དང་ལོ་10ཡི་ཞིང་ལས་ལག་རྩལ་གྱི་སློབ་ཁྲིད་ཉམས་མྱོང་ཡོད་པའི་ཤའོ་ཀྲེང་ཁང་ནི་བརྙན་ཐུང་ལས་སྟེགས་ལ་བརྟེན་ནས་དྲ་གྲོགས་ཚོའི་བློས་འགེལ་ཆོག་པའི“རྒན་ཨ་ཁང་ལགས”ལ་གྱུར་ཡོད།
སྤུས་ལེགས་ཞིང་ལས་ལག་རྩལ་གྱི་ནང་དོན་ལས་རྒྱུགས་འབོར་བསགས་ནས་ཁེ་སྤོགས་རག་གི་ཡོད་ཅིང་། ཤའོ་ཀྲེང་ཁང་གི་དྲ་ཐོག་ཚོང་ཁང་དུ་ཞིང་ལས་རྒྱུ་ཆའི་ཐོན་ཟོག་དང་ཆེད་ལས་དེབ་མང་པོ་ཡོད་པ་བྲིན་ཁ་རྒྱུག་པོ་ཡོད་པ་རེད། “ཞིང་པར་དངོས་ཡོད་ལག་རྩལ་དགོས་མཁོ་ཆེ་ལ་བློས་འགེལ་ཆོག་པའི་ཐོན་རྫས་ཀྱང་མཁོ་པོ་ཡོད”ཅེས་ཤའོ་ཀྲེང་ཁང་གིས་བཤད་པ་དང་ལོ་ཤས་རིང་དཔུང་ཁག་གིས་ཞིང་ལས་ལག་རྩལ་གྱི་སློབ་ཚན་དང་ཞབས་འདེགས་མུ་མཐུད་ལེགས་སུ་བཏང་སྟེ་སྤྱོད་མཁན་གྱི་རིག་ནུས་ཆུ་གྲོན་ཆུང་དང་ཆུ་འདྲེན་པའི་ཐད་ཀྱི་དགོས་མཁོར་དམིགས་ནས་ད་དུང་དམིགས་བཀར་གྱི་བློ་འདྲིའི་ཞབས་ཞུའི་ལས་སྟེགས་ཀྱང་བཙུགས་པ་རེད།
“‘ལག་རྩལ་ལ་བརྟེན་ནས་དངོས་ཟོག་འཚོང་བའི’བྱེད་སྟངས་དེས་དྲ་ཐོག་གི་ཞིང་ལས་ལག་རྩལ་ཁྱབ་གདལ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ཡོད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་ཞིང་ལས་ཐོན་ཟོག་ཉོ་ཚོང་དང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧུའུ་པིང་ཀྲོན་གྱིས་བཤད་པ་དང་བརྙན་ཐུང་དང་ཐད་གཏོང་ལས་སྟེགས་སུ་ཞིང་ལས་ལག་རྩལ་གསར་གཏོད་པ་ཁ་ཤས་ཀྱིས་ཞིང་ལས་རྒྱུ་ཆ་དང་ཞིང་ལས་ཐོན་ཟོག་ཕྱིར་ཚོང་ལ་བརྟེན་ནས་ཞིང་ལས་ལག་རྩལ་གྱི་ནང་དོན་ནས་ཞིང་ལས་རྒྱུ་ཆའི་ཐོན་ཟོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ཁེ་སྤོགས་ལམ་སྲོལ་བཙུགས་པས་སྤུས་ལེགས་ཞིང་ལས་ལག་རྩལ་ཁྱབ་གདལ་ནང་དོན་དེ་དག་དངུལ་སྨར་དུ་གྱུར་ནས་གསར་གཏོད་པའི་ཧུར་སེམས་ཆེ་རུ་ཕྱིན་ཡོད།(བསོད་བདེ་ཆེ་བས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)