《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月16日

ཀྲུང་གོའི་གྲུ་བཟོའི་ལས་རིགས་ཀྱི་ཆུ་ཚད་ མཐོ་རུ་རྒྱུན་མཐུད་ཕྱིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲི་ཆང་།

གྲུ་གཟིངས་ཆེན་པོ་གཉིས་ཉིན་གཅིག་ལ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད། ཟླ་9ཚེས་24ཉིན་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཧྲང་ཧའེ་ཤར་རྒྱུད་ཀྲུང་ཧྭ་ཀུང་སིར་སྐྱེལ་འདྲེན་གྲུ་གཟིངས་གཉིས་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། གྲུ་གཟིངས་ཆེན་པོ་དེ་གཉིས་ནི་ཀུང་སིས་རང་རྟེན་ཞིབ་བཟོ་དང་ཇུས་འགོད་བྱས་པའི་རབས་ལྔ་པའི“ཁྲང་ཧེང་རིགས་འབྲེལ”གྱི་གཤེར་འགྱུར་རང་བྱུང་སོལ་རླངས་གྲུ་གཟིངས་ཡིན་པ་དང་དེའི་སྤྱིའི་རིང་ཚད་ལ་སྨི་299དང་། ཞེང་ཚད་ལ་སྨི་46.4 མཐོ་ཚད་ལ་སྨི་26.25བཅས་ཡོད། ཐཱན་ཉུང་ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་མང་པོ་སྤྱད་པས་ཕྱོགས་བསྡུས་ནུས་རྒྱུ་ཟད་གྲོན་ཆུང་བ་དང་། དྲོད་ཚད་དམའ་བའི་ནུས་པ་ལེགས་པ། ཟོག་འདྲེན་ནུས་པ་ཆེ་བ་བཅས་ཡོད་པ་རེད།

འདི་ལོ་ཚུན་ཀྲུང་གོའི་གྲུ་བཟོའི་ལས་རིགས་ལ་བཀྲག་མདངས་འཚེར་ས་མང་པོ་ཐོན་ཞིང་། ཟླ་དང་པོ་ནས་དགུ་པའི་བར་གྲུ་གཟིངས་བཟོ་ཚད་ལྗིད་ཐེག་ཏུན་ཁྲི་3634ཟིན་པ་དེ་དུས་མཚུངས་ལས་18.2%འཕར་བ་དང་། མངགས་ཐོ་གསར་པའི་འབོར་ཚད་ལྗིད་ཐེག་ཏུན་ཁྲི་8711ཟིན་པ་དེ་དུས་མཚུངས་ལས་51.9%འཕར་བ། ཟླ་དགུ་པའི་ཟླ་མཇུག་བར་ལག་ཏུ་མངགས་ཐོ་ལྗིད་ཐེག་ཏུན་ཁྲི་19330ཟིན་པ་དེ་དུས་མཚུངས་ལས་44.3%འཕར་བ་བཅས་རེད། ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་གྲུ་གཟིངས་བཟོ་བའི་དམིགས་ཚད་ཆེན་པོ་གསུམ་གྱིས་ལྗིད་ཐེག་ཏུན་གྲངས་ལ་གཞིགས་ནས་བརྩིས་ན་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་55.1%དང་། 74.7% 61.4%བཅས་སོ་སོར་ཟིན་ཡོད་པ་རེད།

གྲུབ་འབྲས་དེ་དག་ནི་སྟོབས་ཤུགས་ཡག་པོ་ཡོད་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་མདུན་གྲལ་དུ་སླེབས་པ་དང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག རང་རྒྱལ་གྱི་གྲུ་བཟོའི་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་ཡོད།

འབྱུང་འགྱུར་གྱི་ལོ་གཉིས་ནི་རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ཀྱིས་གྲུ་གཟིངས་རྩིས་སྤྲོད་བྱེད་མང་བའི་དུས་ཤིག་རེད་ལ་གཤེར་འགྱུར་རང་བྱུང་སོལ་རླངས་ཀྱི་གྲུ་གཟིངས་ཆེ་གྲས་དང་དོས་སྒམ་གྲུ་གཟིངས་ཆེ་གྲས་སོགས་ལག་རྩལ་མཐོ་བའི་གྲུ་གཟིངས་གཅིག་སྡུད་ཐོག་རྩིས་སྤྲོད་བྱེད་པའི་དུས་ཤིག་ཀྱང་རེད། ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ལི་ཡན་ཆིང་གིས། གོམ་སྟབས་རྗེས་མར་གྲུ་གཟིངས་བཟོ་མཁན་ཁེ་ལས་ཁག་གིས་གཅིག་ནས་སྤྱིའི་སྒྲིག་སྦྱོར་བཟོ་སྐྲུན་རྣམ་པར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲུ་གཟིངས་བཟོ་ལས་ཀྱི་ཐོན་རྫས་མ་ལག་དང་། བཟོ་སྐྲུན་མ་ལག མཁོ་སྤྲོད་སྦྲེལ་ཐག་མ་ལག་བཅས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་དགོས་པ་དང་། གཉིས་ནས་དོ་དམ་ཡག་པོར་ཤུགས་སྣོན་རྒྱག་པ་དང་། ཐོན་སྐྱེད་བཟོ་རྩལ་ལེགས་སུ་གཏོང་བ། ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱིའི་སྒྲིག་སྦྱོར་བཟོ་སྐྲུན་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ། གསུམ་ནས་ཐོན་སྐྱེད་འཆར་གཞིའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་པོའི་ངང་དུས་བཀག་ལྟར་གྲུ་གཟིངས་རྩིས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

(ལྷག་པ་ཚེ་རིང་གིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)