《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月16日

ཡུན་ནན་གྱིས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་ འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་སི་ཞུང་དང་། དབྱང་ཝུན་མིང་། ལི་མའོ་ཡིང་།

2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས“ཁྲིམས་ལྟར་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གི་སྣང་ཚུལ་ལ་བཅོས་སྒྲིག་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཡུལ་སྐོར་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཉེ་བའི་ལོ་ཤས་རིང་ཡུན་ནན་གྱིས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གསར་པ་སྔོག་འདོན་གང་ལེགས་བྱེད་པ་དང་། ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ། ཡུལ་སྐོར་མཁོ་སྤྲོད་གསར་པ་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་མགྱོགས་པོ་བཏང་ཡོད།

ད་ལོའི་རྒྱལ་སྟོན་གུང་གསེང་རིང་ཡུན་ནན་ཞིང་ཆེན་གྱི་A4རིམ་པ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་189ཡིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་899.27ལ་སྣེ་ལེན་ཞུས་པ་དེ་བསྡུར་གཞི་ཡོད་པའི་གཞི་ཁྱོན་གྱི་དུས་མཚུངས་ལས་9.91%འཕར་བ་དང་། ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་472.4ཟིན་པ་དེ་བསྡུར་གཞི་ཡོད་པའི་གཞི་ཁྱོན་གྱི་དུས་མཚུངས་ལས་8.9%འཕར་ཡོད།

ལས་རྣམ་གསར་པ་གཏོད་པར་དམ་འཛིན་བྱས་པ།

ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྔོག་འདོན་བྱས་ནས་ཉམས་ལེན་གསར་པ་ཐུབ་པར་བྱས་ཤིང་། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཅའོ་ཡིས་རྐང་ཐང་མར་སྐྱོད་པ་དང་ཤ་མོ་འཐུ་བ་ཟུང་འབྲེལ་གྱི་རྣམ་པ་ནས་ཀའོ་ལི་ཀུང་རི་བོར་འཛེགས་རྗེས“ནགས་ཚལ་གྱི་མཁའ་རླུང་གཙང་མ་ཡོད་ཅིང་། ཤ་མོ་འཐུ་ཐུབ་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་སྲོག་ཆགས་དང་རྩི་ཤིང་སྐོར་གྱི་ཤེས་བྱའང་ཤེས་ཀྱི་འདུག”ཅེས་དགའ་ཚོར་ཆེན་པོས་བཤད། སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཡུན་ནན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལམ་ཐིག་རྩེ་གྲ་མང་དག་ཅིག་བཏོད་ཡོད།

གཞན་ཡང་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་གསར་པ་གསར་གཏོད་བྱས་ཤིང་། ཡུན་ནན་གྱིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་། ལུས་གསོའི་ཡུལ་སྐོར། མངའ་ཁོངས་སྒྲོལ་བའི་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། ཞིབ་སྦྱོང་ཡུལ་སྐོར་སོགས་ཀྱི་ལས་རྣམ་འཕེལ་རྒྱས་བཏང་སྟེ། ཡུལ་སྐོར་བའི་ཆ་རྐྱེན་མཐོ་བ་དང་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།

ལི་ཅང་གནའ་གྲོང་གི་སྲང་ལམ་དུ་འཆམ་འཆམ་དུ་སྐྱོད་སྐབས། དེ་གར་འཇང་མི་རིགས་ཀྱི་གནའ་བོའི་རོལ་དབྱངས་དང་། ཞབས་བྲོ། ལེ་པའི་ཞབས་གཞས་སོགས་འཇང་མི་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་གླུ་གར་རེས་མོས་ངང་འཁྲབ་སྟོན་བྱེད་བཞིན་མཆིས། ཡིག་སྐོགས་མེད་པའི་འཕྲིན་ཡིག་དང་། ཟིན་བྲིས་དེབ། ཆུ་ཕོར་སོགས་གནའ་གྲོང་གི་ཚོང་ཁང་ཆུང་ཆུང་དུ་འཇང་མི་རིགས་ཀྱི་འདྲ་གཟུགས་ཡི་གེ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་བཀོད་པའི་རིག་གནས་བསམ་བཀོད་ཐོན་རྫས་མང་པོ་ཡོད་པས་དེ་དག་ནི་འཁྱེར་ཆོག་པའི“ཡུན་ནན་གྱི་དྲན་འཆར”ཞིག་ཏུ་གྱུར་ཡོད།

རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཤིང་། “ཡུན་ནན་ལ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་777དང་། འཛམ་གླིང་ཤུལ་བཞག་6 རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་8བཅས་ཡོད” ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཀྲའོ་གོ་ལེང་གིས“‘རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ’དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་བཅུག་ཡོད། ཡུན་ནན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་ལྗང་མདོག་སྐྱེ་ཁམས་དང་། དམངས་སྲོལ་སྣ་ཚོགས། ཁྱད་ལྡན་ཐོན་ལས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་མངོན་མིན་རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་འཁྲབ་སྟོན་སོགས་མཉམ་འདྲེས་ནུས་ལྡན་བྱས་ཏེ་རིག་གནས་དེ་ཟ་འདུག་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་ཡུལ་སྐོར་གྱི་གཙོ་རྒྱུ་ཁག་དང་མཉམ་འདྲེས་ཐུབ་པར་བྱས་ཡོད”ཅེས་བཤད།

ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ།

ཡུལ་སྐོར་བ་ཞག་སྡོད་བདེ་བ་དང་། སྤྲོ་སྣང་ཡོད་པ། བཟའ་བཏུང་ཡག་པ། འཛད་སྤྱོད་བློ་བདེ་བཅས་ཡོང་ཆེད། ཡུན་ནན་གྱིས་ཉེ་བའི་ལོ་ཤས་རིང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཐེངས་མང་སྤེལ་ནས་ཁྲོམ་རའི་ལྟ་འདོམས་དང་། སྒྲིག་འགལ་ཞིབ་གཅོད། ལས་རིགས་ཀྱི་ཡིད་རྟོན། གྱོད་གཞི་དམར་འདོན་སོགས་བྱས་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཡུན་ནན་ཞིང་ཆེན་ཡོངས་སུ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་བདག་སྤྲོད་བྱེད་ཚད་དུས་མཚུངས་ལས་41.9%ཆག་ཡོད་པ་རེད། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས“ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་དེ་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སུ་སླེབས་ཡོད་པས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པར་སྟངས་འཛིན་བྱས་ནས་ཡུལ་སྐོར་ཐོན་རྫས་དང་། རྣམ་པ། ལས་རྣམ་གསར་གཏོད་དང་ཞབས་ཞུ་ལེགས་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཡུན་ནན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་འགྱུར་བ་བྱེད་དགོས”ཞེས་བཤད།

(པ་ཕན་གྱིས་བསྒྱུར། བསྟན་བློ་དང་པ་ཕན་གྱིས་ཞུས)