འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་པ་རེད།
བཟོ་ལས་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་3.6%འཕར་བ་དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་5.3%འཕར་བ་དང་ལྷག་པར་དུ་རྩིས་འཁོར་འཕྲིན་གཏོང་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་དང་ཡོ་བྱད་དཔྱད་ཆས་བཟོ་སྐྲུན་ལས་རིགས་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཡག་པོ་ཕྱིན་ནས་དུས་མཚུངས་ལས་13.5%དང་10.5%སོ་སོར་འཕར་ཡོད་པ་རེད།
ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་དར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་11.6%འཕར་བ་དེའི་ནང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་13.7%དང་8.6%སོ་སོར་འཕར་ནས་གསར་གཏོད་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ་མཚོན་ཡོད། གྲངས་གཞིའི་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་7.7%འཕར་ཡོད་པ་རེད།
“གསར་པ་གཉིས”ཀྱི་འཕེལ་ཚུལ་བཟང་པོ་ཡོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་6.5%འཕར་བའི་ནང་ཟླ་བ་9པར་ཟླ་བ་8པའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད་པ་རེད། འཛད་རྫས་གསར་རྙིང་བརྗེ་བའི་སྲིད་ཇུས་གསར་པའི་སྐུལ་ཁྲིད་འོག་བརྙན་འཕྲིན་སོགས་ཁྱིམ་སྤྱོད་སྒྲིག་ཆས་དང་འཁྱགས་སྒམ་སོགས་རྒྱུན་སྤྱོད་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་10.2%དང་6.5%སོ་སོར་འཕར་བ་དང་། ཁྱིམ་ཆས་དང་འབྲེལ་བ་ཡོད་པ་དང་གཙང་སྦྲའི་ཡོ་ཆས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་13.9%དང་10.5%སོ་སོར་འཕར་ཡོད་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མགྱོགས་པོ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་11.4%འཕར་བའི་ནང་ཟླ་9པར་དུས་མཚུངས་ལས་12.7%འཕར་བ་དང་། ནུས་རྒྱུ་གསར་པ་དང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་སོགས་ལྗང་མདོག་ལག་རྩལ་ཞབས་ཞུའི་ལས་རིགས་དུས་མཚུངས་ལས་22.5%དང་། 18.7% 6%བཅས་སོ་སོར་འཕར་བ། ནུས་རྒྱུ་གཙང་མའི་ཐོན་ལས་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་ཉི་ནུས་དང་། ཆུ་གློག རླུང་གློག་བཅས་དུས་མཚུངས་ལས་30.3%དང་། 13.6% 10.9%བཅས་སོ་སོར་འཕར་བ། ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་31.8%འཕར་ཡོད་པ་རེད།
འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་ཐུབ་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཟོག་འགྲེམས་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་10%འཕར་བ་དང་ལྷག་པར་དུ་སྣ་མང་མཉམ་འདྲེན་དང་སྐྱེལ་འདྲེན་ལས་ཚབ་དང་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་དུས་མཚུངས་ལས་33.5%དང་11.3%སོ་སོར་འཕར་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་དབར་གྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་2.5%འཕར་བ་དེ་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ཀྱི་སྤྱིའི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.1གིས་མགྱོགས་པ་ཡོད་པ་དེ་ཐོག་ནས་ཞིང་ཆེན་དབར་གྱི་ཚོང་ཟོག་ཞབས་ཞུའི་ཉོ་ཚོང་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།