《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月15日

“དྲ་རྒྱའི་སྐད་ཡིག་བེད་སྤྱོད་གཙང་མ་དང་ཚད་ལྡན་དུ་གཏོང་བའི”ཆེད་དོན་བྱ་སྤྱོད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི“དྭངས་གསལ”གྱི་རིམ་སྤེལ་ཆེད་དོན་བྱ་སྤྱོད་ཀྱི་འཆར་གཞི་ལྟར། དྲ་ཐོག་གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་མེད་པའི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱས་ནས་ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་དྲ་རྒྱའི་ཁོར་ཡུག་དང་མི་སྐྱོང་ཁོར་ཡུག་གཏོད་ཆེད། ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སློབ་གསོ་པུས་བརྡ་ཐོ་བཏང་སྟེ། “དྲ་རྒྱའི་སྐད་ཡིག་བེད་སྤྱོད་གཙང་མ་དང་ཚད་ལྡན་དུ་གཏོང་བའི”ཆེད་དོན་བྱེད་སྒོ་བཀོད་སྒྲིག་བྱས་ནས་སྤེལ་བ་རེད།

ཆེད་དོན་བྱ་སྤྱོད་སྤེལ་རིང་དྲ་ཚིགས་ཀྱི་ལས་སྟེགས་ཁག་གཅིག་གིས་མིང་གྲལ་འཚོལ་མང་དང་། དྲ་ངོས་དང་པོ། ལེགས་འདེམས་སོགས་ཀྱི་གཙོ་གནད་ལྷུ་ཚིགས་སུ་བཀོད་པའི་ཚད་ལྡན་མེད་པའི་སྐད་ཡིག་དང་ཚུལ་མིན་གྱི་སྣང་ཚུལ་གནས་པར་དམིགས་ཏེ། དོན་དངོས་ལ་འཁྱོག་བཤད་བྱས་པའི་སྐད་དང་། སྒྲ དོན་བཅས་དང་སྐད་ཆ་གསལ་ལ་མི་གསལ་ཤོད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།

ཆེད་དོན་བྱ་སྤྱོད་ནང་བླང་བྱ་བཏོན་དོན། ས་གནས་ཁག་གི་དྲ་འཕྲིན་དང་སློབ་གསོ་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་དོ་དམ་དང་དྲང་ཕྱོགས་ཁྲིད་སྟོན་གྱི་མཉམ་ཤུགས་ཆགས་པར་བྱས་ཏེ། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་དང་། ན་སོ་དར་ལ་མ་བབས་པའི་མི་སོགས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་ལ་དམིགས་ནས། ཐེར་འདོན་ཐབས་ལམ་ཤར་གཏོང་དང་། ཚད་ལྡན་མེད་པའི་དྲ་རྒྱའི་སྐད་ཡིག་དང་ཚུལ་མིན་གྱི་འབྲེལ་ཡོད་ཆ་འཕྲིན་གཅིག་སྡུད་ཐོག་གཙང་བཤེར་བྱས་ཏེ་བཅོས་སྒྲིག་ལས་འགན་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྐད་ཡིག་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་ཡ་རབས་སྒོས་སྐད་ཡིག་སྤྱོད་རྒྱུ་དར་སྤེལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་མཐོང་ཆེན་དང་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་པར་སྐུལ་ལྕག་བྱེད་དགོས།