《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月14日

ཕྱི་རྒྱལ་གྱི་ཡུལ་སྐོར་བ་པེ་ཅིང་གི་ས་འོག་ལྕགས་ལམ་སྡོད་པར་དེ་བས་སྟབས་བདེ་བསྐྲུན་པ།

⇑ འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་གིས་པེ་ཅིང་གི་ས་འོག་ལྕགས་ལམ་བབས་ཚུགས་སུ་ཕྱི་རྒྱལ་གྱི་ཡིད་རྟོན་གཱ་སྤྱད་དེ་ས་འོག་ལྕགས་ལམ་བབས་ཚུགས་ནས་སྐྱོད་རྩིས་བྱེད་བཞིན་པ།

མངའ་ཁོངས་ཕྱིའི་ཡིད་རྟོན་གཱ་སྤྱད་དེ་མེ་འཁོར་ལ་སྡོད་རྒྱུར་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་ལས་དོན་ནང་འདྲེན་དང་། གཞི་ཁྱོན་ཆེ་བའི་པེ་ཅིང་གི་ས་འོག་ལྕགས་ལམ་དྲ་བར་བརྟེན་པའི་ཕྱིར་སྐྱོད་བྱེད་ཐབས་སྤྱད་པར་ཕྱི་རྒྱལ་གྱི་ཡུལ་སྐོར་བར་དེ་བས་སྟབས་བདེ་བྱུང་ཡོད།

ཟླ་9ཚེས་13ཉིན་ནས་བཟུང་། པེ་ཅིང་གི་ས་འོག་ལྕགས་ལམ་གྱིས་མངའ་ཁོངས་ཕྱིར་བཀྲམ་པའི་དབན་ཧྲི་ཏ་གཱ་དང་ཝུའེ་ས་གཱ་སྤྱད་དེ་བབས་ཚུགས་ནས་མེ་འཁོར་སྡོད་པར་རྒྱབ་སྐྱོར་བྱས་པས་རྒྱལ་སྤྱིའི་འགྲུལ་པར་དེ་བས་སྟབས་བདེ་བྱུང་ཡོད། སྔོན་མ་ཕྱི་རྒྱལ་གྱི་འགྲུལ་པ་ཚོ་སྤ་སེ་ཉོས་རྗེས་གཞི་ནས་མེ་འཁོར་སྡོད་ཆོག་གི་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་མངའ་ཁོངས་ཕྱིའི་ཡིད་རྟོན་གཱ་སྤྱད་དེ་ས་འོག་མེ་འཁོར་ལ་ཐད་ཀར་སྡོད་ཆོག་པའི་གྲོང་ཁྱེར་དང་པོར་གྱུར་པས་ས་འོག་ལྕགས་ལམ་ལམ་ཐིག་27གྱི་བབས་ཚུགས་490ཡི་སྒྲིག་ཆས་ཁྲི་2ལྷག་ཙམ་རིམ་སྤོར་བྱེད་དགོས་ཀྱི་ཡོད། གནས་ཚུལ་སྤེལ་སྐབས་ས་གནས་དེ་གའི་ལས་དོན་མི་སྣས། བྱེད་ཐབས་དེས་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་ཤིག་ཡིན་པའི་པེ་ཅིང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་མངོན་ཡོད་ཅེས་བཤད།

ཟླ་ཤས་རིང་། ཀྲུང་གོས་ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་བར་ཐོངས་མཆན་འགོད་མི་དགོས་པར་རྒྱལ་ནང་དུ་ཡུལ་སྐོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོ་མང་དུ་བཏང་ཡོད་ལ། ཕོ་ལན་དང་ཨོ་སི་ཁྲུ་ལི་ཡ་སོགས་ནི་མིང་ཐོ་དེའི་ནང་གསར་དུ་ཞུགས་མཁན་རྒྱལ་ཁབ་ཡིན་པ་རེད།

ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་1725ཟིན་ཞིང་། དེའི་རིང་འགག་སྒྲོལ་ཐོངས་མཆན་རག་པའི་ཡུལ་སྐོར་བ་ཁྲི་84.6ཟིན་ནས་ན་ནིང་གི་དུས་མཚུངས་ལས་183%འཕར་ཡོད།

—— ཕེང་པོ་གསར་འགྱུར་ཁང་གི་དྲ་ཚུགས་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)