《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月14日

ཀྲུང་གོར“ཀོག་ཧྥེའི་ཚ་རླབས”རྒྱུན་ཆད་མེད་པར་འཕྱུར་བ།

(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་པར་བརྒྱབ) ⇑ ཉེ་ཆར། “ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ”ཡུན་ནན་ཁུན་མིང་དུ་འཚོགས་པ་རེད། འདི་ནི་སྐུ་མགྲོན་གྱིས་འགྲེམས་གནས་མདུན་དུ་ལྟ་སྐོར་བྱེད་བཞིན་པ།

ཉེ་ལམ་ལོ་ཤས་རིང་། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཅུང་འཕར་མགྱོགས་པའི་ཀོག་ཧྥེའི་འཛད་སྤྱོད་ཁྲོམ་རར་གྱུར་ཡོད།

ཡུན་རིང་མ་སོང་གོང་། ཀྲུང་གོ་རྒྱལ་སྤྱིའི་ཀོག་ཧྥེ་འགྲེམས་ཚོགས་པེ་ཅིང་དུ་གཉེར་བར་ཀོག་ཧྥེར་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་འཕྲོག་ཡོད། འགྲེམས་ཚོགས་འདི་ནི་ཀོག་ཧྥེའི་ལས་རིགས་ཀྱི་ཆེད་ལས་རང་བཞིན་གྱི་འགྲེམས་ཚོགས་ཤིག་ཡིན་མོད། འོན་ཀྱང་ལྟ་སྐོར་ལ་ཡོང་མཁན་འཛད་སྤྱོད་པ་དཀྱུས་མ་ཧ་ཅང་མང་པོ་ཡོད་པ་རེད།

མི་འབོར་དུང་ཕྱུར་14ལྷག་ཙམ་ཟིན་པའི་ཀྲུང་གོའི་ཀོག་ཧྥེའི་ཁྲོམ་རར་མདུན་ལམ་ཆེན་པོ་ལྡན་ལ། འགྲན་རྩོད་ཀྱང་ཧ་ཅང་དྲག་པོ་འཕྲད་ཡོད། ཕྱི་རྒྱལ་གྱི་སྐད་གྲགས་ཆེ་བའི་ཀོག་ཧྥེའི་སྤུས་རྟགས་ཕུད། ཀྲུང་གོ་རང་གི་ཀོག་ཧྥེའི་སྤུས་རྟགས་མང་པོ་ཞིག་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།

“ཀོག་ཧྥེའི་ཚ་རླབས”རྒྱུན་མཐུད་འཕྱུར་བ་དང་བསྟུན་ནས། ཀོག་ཧྥེ་འདེབས་འཛུགས་ལའང་ཉིན་རེ་བཞིན་མཐོང་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོའི་ཀོག་ཧྥེ་འདེབས་འཛུགས་ཁུལ་གཙོ་བོ་ཡུན་ནན་ཞིང་ཆེན་དུ་གཅིག་ཏུ་འདུས་ཡོད། དེ་གར་མི་རྣམས་ཀྱིས་སྤུས་ལེགས་ཀོག་ཧྥེ་འདེབས་འགོ་བཙུགས་པས་ཡུན་ནན་གྱི་ཀོག་ཧྥེའི་སྐད་གྲགས་ཆོད་ཚད་ཀྱང་ཆེ་རུ་འགྲོ་བཞིན་ཡོད། ས་གནས་དེ་གའི་ཀོག་ཧྥེ་འདེབས་འཛུགས་དུད་ཚང་གིས“ང་ཚོས་ཀྲུང་གོའི་ཀོག་ཧྥེའི་ཁྲོམ་རར་གདེང་ཚོད་ཆེན་པོ་ཡོད”ཅེས་བརྗོད།

—— འཇར་མན་གྱི་སྐད་སྒྲ་རླུང་འཕྲིན་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)