《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月14日

སྡེ་ཚན་ལྔ་ཡིས་ཡིག་ཆ་བཀྲམ་ནས་སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་གཏན་འབེབས་གསར་པ་བཟོས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར། དམངས་སྲིད་པུའུ་དང་། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཉེ་ཆར《སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་དུ་བཀྲམ་ནས་ཡན་ལག(འཐུས་ཚབ)སྒྲིག་གཞིའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོན་དངུལ་བསྡུ་རྒྱུ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་གཏན་འབེབས་གསར་པ་བཟོས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་བསྡོམས་འབོར་ཁྲི་88.2ལྷག་ཙམ་ཟིན་ནས་རྒྱལ་ཁབ་དང་། སྤྱི་ཚོགས། མང་ཚོགས། ལས་རིགས་བཅས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། འོན་ཀྱང་དུས་མཚུངས་སུ་སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སུ་ད་དུང་མངོན་གསལ་དོད་པའི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་གནས་ཡོད་པ་དང་། འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་དང་ལྟ་འདོམས་བྱེད་ཐབས་ལ་ད་དུང་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།

བསམ་འཆར་ནང་སྤྱིའི་བླང་བྱ་ཕུད། ད་དུང་ཁྲིམས་ལྟར་ཐོ་འགོད་ཞིབ་བཤེར་ནན་པོ་བྱེད་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་ལྔ་དང་ནང་དོན་དོན་ཚན་18ཡོད་པ་རེད།

ཁྲིམས་ལྟར་ཐོ་འགོད་ཞིབ་བཤེར་ནན་པོ་བྱེད་པའི་ཐད། བཙུགས་ནས་ཐོ་འགོད་བྱེད་པའི་དུས་མཚམས་སུ་གྲོས་འགོ་འདོན་མཁན་ཁག་གཅིག་གིས་སྤྱི་ཚོགས་རྩ་འཛུགས་ཀྱི་ཁེ་གཉེར་མིན་པའི་ཁྲིམས་མིའི་ངོ་བོ་མི་ཤེས་པ་དང་། ཞལ་འདེབས་རྒྱག་མཁན་ཁག་གཅིག་གིས་ཞལ་འདེབས་བརྒྱབ་པའི་རྒྱུ་ནོར་དེ་དག་སྤྱི་ཚོགས་རྩ་འཛུགས་ལ་གཡར་བའམ་ཡང་ན་མ་འཇོག་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི“རྐང་དབང”རག་ཐབས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བསམ་འཆར་ནང་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་སྔོན་ལ་གསལ་བརྡ་བཏང་ནས་དྲན་སྐུལ་བྱས་ཏེ་གྲོས་འགོ་འདོན་མཁན་དང་ཞལ་འདེབས་རྒྱག་མཁན་གྱིས་རྨོངས་ཚོད་ཀྱིས་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་འདུན་ཞུ་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

སྤྱི་ཚོགས་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། བསམ་འཆར་ནང་སྤྱི་ཚོགས་རྩ་འཛུགས་ཀྱིས་མི་དང་། རྒྱུ་ནོར། དངོས་པོ། བྱེད་སྒོ་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བའི་ནང་ཚོགས་མིའི(འཐུས་མི)ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས། ལྟ་བཤེར(ཚོགས་པ)སོགས་ནང་ཁུལ་གྱི་སྒྲིག་གཞིའི་བྱེད་ནུས་འདོན་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་ཚོགས་པ་དང་ཐེབས་རྩ་ལྷན་ཚོགས་ཀྱིས་ཡན་ལག(འཐུས་ཚབ)སྒྲིག་གཞིའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཡན་ལག(འཐུས་ཚབ)སྒྲིག་གཞིར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། འགན་དབང་ཁ་གསལ་དང་གཅུན་སྡོམ་ནུས་ལྡན་གྱི་ནང་ཁུལ་གྱི་ནོར་རྩིས་ལྟ་སྐུལ་ལམ་སྲོལ་དང་ནང་ཁུལ་གྱི་ཚོད་འཛིན་མ་ལག་འཛུགས་པ་སོགས་ཐད་ཀྱི་བྱེད་ཐབས་ཚུད་ཡོད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)