འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། གསར་འགོད་པར་རྒྱལ་ཡོངས་ཀྱི་ཞིང་པའི་སློབ་གསོ་གསོ་སྦྱོང་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར། བྱང་ཚད་མཐོ་བའི་ཞིང་པ་སྐྱེད་སྲིང་འཆར་གཞིས་2023ལོར་ཞིང་པ་ཁྲི་80ལྷག་ཙམ་སྐྱེད་སྲིང་བྱས་ཡོད། ཞིང་ལས་གྲོང་གསེབ་པུས་ཀྲུང་དབྱང་རྩ་འཛུགས་པུའུ་དང་མཉམ་དུ་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པ་དང་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་ལྟར་མི་ཁྲི་2ལ་གསོ་སྦྱོང་བྱས་ཡོད། ཞིང་པའི་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་བྱ་སྤྱོད་ལག་བསྟར་བྱས་ཤིང་། 2023ལོར་ཞིང་པར་ཕྱོགས་ནས་མི་ཐེངས་ཁྲི་34ལྷག་ཙམ་ལ་བྱང་ཚད་མཐོར་གཏོང་གི་སྤྱི་ཕན་གསོ་སྦྱོང་བྱས་ཡོད།
གླེང་སྟེགས་ཐོག་ཡོངས་བསྒྲགས་བྱས་པའི《2024ལོའི་རྒྱལ་ཡོངས་ཀྱི་བྱང་ཚད་མཐོ་བའི་ཞིང་པའི་འཕེལ་རྒྱས་སྙན་ཞུ》ལས་མངོན་པར། བྱང་ཚད་མཐོ་བའི་ཞིང་པའི་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་སློབ་གསོ་ཐོབ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། ལས་རིགས་ལག་རྩལ་གྱི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཞིང་པའི་ལག་རྩལ་མི་སྣའི་གོ་མིང་དང་རྒྱལ་ཁབ་ཀྱི་ལས་རིགས་འོས་ཐོབ་ལག་ཁྱེར་གྱི་བསྡུར་ཚད་62.86%དང་24.83%སོ་སོར་ཟིན་ནས་2022ལོ་ལས་བརྒྱ་ཆའི་གྲངས་5.54དང་2.39སོ་སོར་འཕར་ཡོད་པ་རེད།