ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས“ཀྲུང་གོར་ཡུལ་སྐོར་བྱེད་པའི”ཚ་རླབས་འཕྱུར་ནས་ཀྲུང་གོའི་ཡིད་དབང་འགུག་ཤུགས་དང་སྒོ་དབྱེའི་རྣམ་འགྱུར་མངོན་ཡོད། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་ནས་མཛེས་སྡུག་ལྡན་པའི་རི་ཀླུང་ལ་མྱོང་རོལ་དང་ཀྲུང་གོ་ཤེས་རྟོགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཡུལ་སྐོར་ལས་སྟེགས་མང་པོ་ཞིག་གི་གྲངས་གཞི་ལས་མངོན་པར། “རྒྱལ་སྟོན”གྱི་ངལ་གསོའི་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་མངགས་ཐོའི་གྲངས་འབོར་དུས་མཚུངས་ལས་བཅུ་ཆ་དྲུག་ཙམ་འཕར་ནས་གྲོང་ཁྱེར་མང་པོ་ཞིག་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་དམིགས་སར་གྱུར་ཡོད། ཉེ་དུས་ཕྱི་འབྲེལ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཕྱི་རྒྱལ་བ་རྒྱལ་མཚམས་ནང་འཛུལ་བར་སྟབས་བདེའི་བྱེད་ཐབས་མུ་མཐུད་བཏོན་པ་ང་ཚོར་དོ་སྣང་བྱུང་། དེའི་ཐད་མགྲིན་ཚབ་པས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
མའོ་ཉིང་གིས། “ཀྲུང་གོར་ཡུལ་སྐོར་བྱེད་པའི”ཚ་རླབས་འཕྱུར་བ་དེ་ཐོག་ནས་ཀྲུང་གོའི་ཡིད་དབང་འགུག་ཤུགས་དང་སྒོ་དབྱེའི་རྣམ་འགྱུར་མངོན་ཡོད། ཀྲུང་གོ་དང་རྒྱལ་ཁབ་24ཕན་ཚུན་ཐོངས་མཆན་མི་དགོས་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། རྒྱལ་ཁབ་16ལ་རྒྱལ་མཚམས་ནང་འཛུལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ། རྒྱལ་ཁབ་54ལ་ཆུ་ཚོད་72སམ་ཡང་ན་ཆུ་ཚོད་144ཡི་རིང་རྒྱལ་མཚམས་ནས་འཛུལ་བར་ཐོངས་མཆན་མི་དགོས་པ་ལག་བསྟར་བྱས་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བའི་བརྒྱུད་རིམ་རྒྱུན་ཆད་མེད་པར་སྟབས་བདེར་བཏང་བ་དང་ཀྲུང་གོར་ཡོང་བའི་མྱོང་བ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད་ཅེས་བརྗོད།
མའོ་ཉིང་གིས། “པེ་ཅིང་གིས《པེ་ཅིང་དུ་ཕྱི་རྒྱལ་བ་ཐོག་མར་ཡོང་བའི་གྲོང་ཁྱེར་གྱི་ཞབས་ཞུའི་ཕྱོགས་སྟོན》བཏོན་ནས་འཚོ་བའི་ཞབས་ཞུའི་ཆ་འཕྲིན་སྣ་ཚོགས་མཁོ་འདོན་བྱས་ཡོད། ཧྲང་ཧའེ་ཡི་བདལ་གཏོང་རླངས་འཁོར་དང་ས་འོག་ལྕགས་ལམ་བབས་ཚུགས་སུ་རྒྱལ་ཁོངས་ཕྱིའི་གཱ་གཏོང་སྤྲོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ཁྲེང་ཏུའུ་དང་ཤིས་ཨན་སོགས་གྲོང་ཁྱེར་8ཀྱིས་ཀྲུང་གོར་ཡོང་མཁན་ལ་གཏོང་སྤྲོད་སྟབས་བདེ་སྐྲུན་པའི་བྱ་ཐབས་གསར་པ་ཚོད་ལྟ་བྱེད་བཞིན་ཡོད”ཅེས་བརྗོད།
མའོ་ཉིང་གིས། ཀྲུང་གོས་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེས་པ་དེ་ཙམ་གྱིས་ཆེ་རུ་བཏང་བ་དང་རྒྱལ་མཚམས་འཛུལ་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་ནས་མཛེས་སྡུག་ལྡན་པའི་རི་ཀླུང་མྱོང་རོལ་དང་ཀྲུང་གོ་ཤེས་རྟོགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
(པ་ཕན་གྱིས་བསྒྱུར། བདེ་དབང་དང་པ་ཕན་གྱིས་ཞུས)