འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཞའོ་ཞའོ།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ལྡན་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་མངོན་གསལ་དོད་པའི་ཁྱད་ཆོས་ཀྱང་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་དེ་ཡིན”ཨེ་ཅིབ་ཀྱི་རྒྱ་ཡིག་མཁས་པ་དཔེ་སྐྲུན་པ་ཨའེ་ཧ་མའེ་ཏེ·སའེ་དབྱི་ཏེས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོའི་ཁྱབ་ཁོངས་ཁག་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་གསོག་འཇོག་བྱས་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་དག་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གཞན་དག་གིས་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད་ཅེས་བརྗོད།
དེ་སྔ་ཀྲུང་གོར་ལོ་12སྡོད་མྱོང་བའི་སའེ་དབྱི་ཏེས་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་ཀྱི་ཡོད། མིག་སྔར་ཀྲུང་ཨ་རིག་གནས་སྤེལ་རེས་ཀྱི་ལས་ལ་གཞོལ་བཞིན་ཡོད་པ་དང་སྐབས་དགུ་པའི་ཀྲུང་ཧྭའི་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཡང་ཐོབ་མྱོང་ཡོད། ཁོང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་འོས་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་དང་འཛད་སྤྱོད་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། “ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་བྱས་པ་དེ་ནི་ལག་ལེན་གྱིས་ཞིབ་དཔྱད་བྱས་པའི་ལམ་བུ་ཡང་དག་ཅིག་རེད”ཅེས་བརྗོད།
ད་ལོའི་ཟླ་8པར་སའེ་དབྱི་ཏེ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“ཀྲུང་གོར་སློབ་སྦྱོང་ལ་སྐྱོད། མཛེས་སྡུག་ལྡན་པའི་ཤིན་ཅང་དུ་སྐྱོད”ཅེས་པའི་ལྟ་སྐོར་འཚམས་འདྲིའི་བྱེད་སྒོར་ཞུགས་ནས་དུས་ཡུན་ཉིན་8ཀྱི་ཤིན་ཅང་དུ་ལྟ་སྐོར་བྱེད་འགོ་ཚུགས་པ་རེད།
སའེ་དབྱི་ཏེས“ས་གནས་དེ་གའི་དམངས་ཚོགས་དང་གླེང་མོལ་བྱེད་སྐབས་ཁོང་ཚོས་ས་གཞི་འདིར་བརྩེ་དུང་ཟབ་མོ་འཆང་བ་ཚོར་བྱུང་། ཁོང་ཚོས་སེམས་གཏིང་ནས་ཤིན་ཅང་ལ་དགའ་ཞེན་བྱེད་པ་མ་ཟད། རང་ཉིད་ཀྱི་འཚོ་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག ང་ཚོས་དེ་དག་ཕྱི་ཕྱོགས་ལ་བསྟན་ཏེ་མི་དེ་བས་མང་བས་ཤིན་ཅང་གི་གནས་ཚུལ་དངོས་མཐོང་ཐུབ་པ་བྱེད་དགོས”ཞེས་བཤད། ཤིན་ཅང་ལ་འཚམས་འདྲི་ཐེངས་མང་བྱས་པ་བརྒྱུད། ཁོང་གིས་ཤིན་ཅང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཐོང་བ་དང་ས་གནས་དེ་གའི་མི་རིགས་ཁག་གི་མི་དམངས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་བཙུགས་པར་མྱོང་ཚོར་ཟབ་མོ་ཐུབ་ཡོད།
སའེ་དབྱི་ཏེས། དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་གོ་སྐབས་མཉམ་སྤྱོད་བྱེད་པར་གཞོལ་ནས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། “ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་དུས་འདིར་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་མཁན་དང་བརྒྱུད་སྤེལ་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ངས་ཀྲུང་གོར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་དང་འབྲེལ། ཀྲུང་གོའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད”ཅེས་བརྗོད།
(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)