《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月12日

སྡེ་ཚན་གཉིས་ཀྱིས་དོ་དམ་བྱ་ཐབས་བཀྲམ་སྟེ།

བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་བྱེད་པའི་ཆེད་སྤྱོད་མ་དངུལ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ནོར་སྲིད་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མཉམ་དུ《བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་བྱེད་པའི་ཆེད་སྤྱོད་མ་དངུལ་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་བྱེད་པའི་ཆེད་སྤྱོད་མ་དངུལ་འཛུགས་རྒྱུ་ཁ་གསལ་བཏོན་པ་མ་ཟད། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཁོངས་དང་། བགོ་བཤའ། བེད་སྤྱོད་དོ་དམ་སོགས་ཐད་བླང་བྱ་ཡང་ཁ་གསལ་བཏོན་པ་རེད།

《བྱ་ཐབས》ལ་གཞིགས་ན། བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་བྱེད་པའི་ཐོབ་ཐང་ལྡན་པ་དང་། ཆེད་སྤྱོད་མ་དངུལ་རེ་ཞུ་བྱེད་པའི་ཚད་གཞི་དང་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས《བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་དཀར་ཆག》ནང་བཅུག་པའི་བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས། མཁའ་རླུང་སྙོམས་སྒྲིག་ཡོ་ཆས། དབྱིབས་ཆུང་རྩིས་འཁོར་བཅས་བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་རིགས་ལྔ་ཚུར་བསྡུ་ཐག་གཅོད་བྱས་རིགས་ལ་རྒྱབ་སྐྱོར་བྱེད་ཆོག་གི་ཡོད། འབྲེལ་ཡོད་ཚད་གཞི་དང་ཆ་རྐྱེན་ནི་སྐྱེ་ཁམས་ཁོར་ཡུག་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་དུ་ལོགས་སུ་གཏན་འབེབས་བྱ་རྒྱུ་རེད། ཆེད་སྤྱོད་མ་དངུལ་ལག་བསྟར་བྱེད་ཡུན་ནི་2024ལོ་ནས་2027ལོ་བར་ཡིན་པ་རེད།

《བྱ་ཐབས》ལ་གཞིགས་ན། 2024ལོ་དང་དེའི་རྗེས་ཀྱི་ལོ་འཁོར་ནང་སྤེལ་བའི་བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཚུར་བསྡུ་དང་ཐག་གཅོད་བྱེད་རིགས་ལ་ཆེད་སྤྱོད་མ་དངུལ་ནས“ཁ་གསབ་ཚབ་ལ་བྱ་དགའ་སྤྲོད་པའི”བྱ་ཐབས་སྤྱོད་རྒྱུ་དང་། རྒྱུ་རྐྱེན་ངེས་ཅན་ལ་གཞིགས་ནས་བགོ་བཤའ་རྒྱག་རྒྱུ། འབྲེལ་ཡོད་ཞིང་ཆེན་གྱི་ལོ་གོང་མའི་བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཚད་ལྡན་ངང་ཐག་གཅོད་བྱེད་ཚད་དང་། ས་གནས་ཀྱི་སྲ་གཟུགས་བེད་མེད་དངོས་པོའི་སྦགས་བཙོག་འགོག་བཅོས་ལ་གཏོང་ཆ་གཏོང་ཤུགས། གྲོང་མིའི་ཁྱིམ་སྤྱོད་གློག་ཆས་ཀྱི་གྲངས་འབོར། བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཀྱི་ཆོག་འཐུས་ཚད་འབེབས་ཀྱི་ཚུར་བསྡུ་དང་ཐག་གཅོད་བྱེད་ནུས་ཀྱི་དངོས་སུ་འཁོར་སྐྱོད་ཐུབ་པའི་ཐེག་ནུས་བཅས་ཀྱི་གནས་ཚད་70%དང་། 15% 10% 5%བཅས་ཁག་སོ་སོར་ཟིན་རྒྱུ་རེད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཟླ་ཕུར་གྱིས་ཞུས)