《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月12日

ཧོ་པེ་དབྱི་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་བ།

རི་ཆུའི་ལེགས་ཆར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲི་ཧྥུང་།

“དཔྱིད་གསར་དུས་ཆེན་ནས་ད་བར་ཉིན་ལྟར་ཡུལ་སྐོར་བ་རྒྱུན་མི་ཆད་པ་དང་ཡུལ་སྐོར་བ་མང་བའི་དུས་སུ་མགྲོན་ཁང་སྟོང་པ་ལྷག་གི་མེད”ཧོ་པེ་དབྱི་རྫོང་ཨན་ཀེ་ཀྲོང་གྲོང་ཚོའི་གྲོང་མི་ཀྲའོ་ཏུང་ལིང་གིས་འགྲུལ་པ་ཚོར་རླངས་འཁོར་ཁ་འགོག་ཏུ་འཇུག་ཞོར་ཡུལ་སྐོར་བའི་སྔོན་མངགས་ཁ་པར་ཉན་བཞིན་འདུག

དབྱི་རྫོང་དེ་སྔ་རི་བོ་ཡན་ཧྲན་དང་རི་བོ་ཐའེ་ཧང་གི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོའི་ས་ཁུལ་གྱི་གྲས་སུ་ཚུད་ཡོད། ཨན་ཀེ་ཀྲོང་གྲོང་ཚོ་ནི་ཆུ་མཛོད་སྐྲུན་པའི་རྐྱེན་གྱིས་གནས་སྤོས་ཡུལ་མིའི་གྲོང་ཚོ་ཞིག་ཡིན་པ་དང་མི་རེར་ཆ་སྙོམས་ས་ཆ་ཕྲན་བུ་ལས་མེད་ལ་འབྲུ་རིགས་འདེབས་པར་གནམ་ཆུར་བརྟེན་དགོས་ཀྱི་ཡོད།

ཀྲའོ་ཏུང་ལིང་གིས“ངའི་ཁྱིམ་ལ་ནང་མི་4ཡོད་པ་དང་སྐམ་ཞིང་མུའུ་1ལས་མེད་སྟབས་བཟའ་འབྲུའང་འདང་གི་མི་འདུག”ཅེས་བཤད།

ཁོང་གི་ཕ་ཀྲའོ་དབྱང་ཁྲེ་ཡིས“ཆུ་ཁའི་ལྟོ་རྟེན་ཆུ་ཡིན་ཞེས་པ་ལྟར་དེ་སྔ་ངས་ཆུ་མཛོད་དུ་དྲ་བ་བཀྲམ་ནས་ཉ་བཟུང་གི་ཡོད། སྐབས་དེ་དུས་ཆུ་མཛོད་དུ་དྲ་སྒམ་སྤྱད་དེ་ཉ་གསོ་མཁན་གྲོང་མིའང་ཡོད་པས་ཉར་སྟེར་བའི་ལྟོ་ཆས་ཀྱིས་ཆུ་ལ་སྦགས་བཙོག་བཟོ་གི་ཡོད”ཅེས་བཤད།

ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་མཐོ་རུ་ཕྱིན་པ་དང་བསྟུན་ནས་ས་གནས་དེས་དྲ་སྒམ་སྤྱད་དེ་ཉ་གསོ་བ་དང་ཉ་གང་བྱུང་འཛིན་རྒྱུ་བཅོས་སྒྲིག་བྱེད་འགོ་བཙུགས་ཡོད།

“ས་ཞིང་ཧ་ཅང་ཉུང་བས་སྔར་བཞིན་ཆུ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད”ཀྲའོ་དབྱང་ཁྲེ་ཡིས་རླངས་སྣུམ་གྲུ་གཉིས་ཉོས་ཤིང་། “དེ་ནི་གྲོང་ཚོའི་ནང་གི་ཆེས་སྔ་ཤོས་ཀྱི་ཡུལ་སྐོར་གྲུ་རེད”

ཀྲའོ་ཏུང་ལིང་གིས་ཀྱང་རང་ཁྱིམ་གྱི་རྫ་གཡམ་གྱི་ཁང་པ་ཁང་མིག་5སྤྱད་དེ་ཞིང་ཁྱིམ་ཁང་བཙུགས་པ་རེད། ཁོང་གིས“སྐབས་དེ་དུས་ཡུལ་སྐོར་བ་ཉུང་བས་ལོ་གཅིག་ལ་ཡོང་འབབ་དེ་ཙམ་ཡག་པོ་མེད། སྐབས་དེ་དུས་གྲོང་ཚོའི་རི་སྔོ་ལ་ཆུ་བཟང་བས་ག་དུས་ཡོང་འབབ་གསོག་པའི་ས་གཞི་གཤིན་པོར་འགྱུར་གྱི་རེད་དམ་སྙམ་གྱི་འདུག”ཅེས་བཤད།

རི་ཆུ་མཛེས་སྡུག་ལྡན་པར་འགྱུར་ཆེད། ས་གནས་དེས་ཆུ་མཛོད་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨན་ཀེ་ཀྲོང་གྲོང་ཚོའི་ཉ་གསོའི་དྲ་སྒམ་1000ལྷག་ཙམ་མེད་པར་བཟོས་པ་དང་ཆབས་ཅིག་མི་སྒེར་གྱི་ཡུལ་སྐོར་གྲུ་ལ་ཡང་བཅོས་སྒྲིག་བྱས་ཡོད། རྫོང་གིས་མཐའ་འཁོར་གྱི་སྤྱི་ལེ་ངོས་གྲུ་100ལྷག་ཙམ་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནང་བཅུག་ནས་ཕྱུགས་རིགས་བཀག་པ་དང་ཤིང་གཅོད་མཚམས་བཞག་སྟེ་ཤིང་འཛུགས་ནགས་བཟོ་བྱས།

ཀྲའོ་དབྱང་ཁྲེ་ཡིས་ཆུ་ངོགས་སུ་དོན་ཏེ“སྐབས་དེ་དུས་སླད་ཕྱིན་གང་འདྲ་བྱེད་དགོས་མིན་ཐད་སེམས་ཁྲལ་ཆེན་པོ་བྱེད་པ་ལས་ད་ཆ་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་རྒྱུ་ཡོང་གི་རེད་སྙམ་མ་བྱུང”ཞེས་བཤད།

ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། དབྱི་ཧྲུའེ་གཙང་པོའི་ཆུ་ལམ་རྒྱ་ཆེ་རུ་ཕྱིན་པ་དང་། ཆུ་མཛོད་ཀྱི་ཆུ་ཁ་མཐོ་རུ་ཕྱིན་པ། མཐའ་འཁོར་དུ་སྔོ་ཁེབས་ཁྱབ་ཚད་70%ནས་90%བར་མང་དུ་ཕྱིན་པ། ཆུའི་སྤུས་ཚད་རིམ་པ་Ⅱབར་ལེགས་སུ་ཕྱིན་ཡོད་པ་རེད།

རི་རྒོད་སྔོ་ལྗང་ཅན་ལ་གྱུར་བ་དང་ཆུ་བོ་དྭངས་པོར་གྱུར་ཡོད། ཨན་ཀེ་ཀྲོང་ཆུ་མཛོད་ལ་དབྱི་ཧྲུའེ་མཚེའུ་ཞེས་པའི་མིང་གསར་པ་དེ་བཏགས།

2016ལོར་ཧོ་པེ་ཞིང་ཆེན་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་ས་གནས་དེ་གས་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ཏེ་གྲོང་ཚོའི་ཉེ་འགྲམ་དུ་ཐའེ་ཧང་ཧྲུའེ་གྲོང་རྡལ་འཛུགས་སྐྲུན་བྱས།

གྲོང་གསེབ་ཀྱི་ཡུལ་སྐོར་གསར་སྤེལ་བྱེད་པར་གྲོང་ཚོའི་གྲམ་ཐང་སྤྱོད་དགོས་པས་དང་ཐོག་གྲོང་མི་ཚོ་འདོད་པ་དེ་ཙམ་བྱུང་མེད།

“ངས་སྔོན་ལ་ས་ཆ་གཞུང་ལ་སྤྲད་པ་དང་ས་རྒོད་ཕྲན་བུ་དེའང་གཅིག་སྡུད་བརྒྱུད་བཤུག་བྱས་པས་དེ་རྗེས་གྲོང་མི་མང་པོ་ཞིག་གིས་མཉམ་དུ་ས་ཆ་གཞུང་ལ་སྤྲད་སོང”ཞེས་ད་ཆ་ཐའེ་ཧང་ཧྲུའེ་གྲོང་རྡལ་དུ་གྲུ་པ་བྱེད་མཁན་ཀྲའོ་དབྱང་ཁྲེས་བློ་ཡིད་ཚིམས་པོས་དེ་ལྟར་བཤད།

“གྲུ་གཏོང་གི་ཡིན”ཞེས་ཀྲའོ་དབྱང་ཁྲེ་ཡིས་ཡུལ་སྐོར་བ་ཚོ་སྐད་བཏང་ནས་གློག་སྒུལ་གྲུ་གཏོང་འགོ་ཚུགས། ཁོང་གིས“ངས་སླར་ཡང་ཆུ་ཐོག་ཏུ་བསྐྱོད་དེ་བྱང་ཆུབ་པའི་ལས་ཀ་དེ་བྱེད་འགོ་ཚུགས་པས་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་ཡོང་གི་འདུག”ཅེས་བཤད།

“ཆུ་གཙང་མ་འདི་ཡོད་པ་ལས་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང” དེ་སྔ་ཀྲའོ་ཏུང་ལིང་གི་བཟའ་ཟླ་ཨན་ཡུང་ཝང་ཉ་འཛིན་པ་དང་གྲུ་གཏོང་མཁན་ཞིག་ཡིན་པ་དང་ད་དུང་ཕྱིར་གླ་པར་སྐྱོད་ཀྱི་ཡོད། གྲོང་ཚོའི་ནང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་མཐོང་སྐབས་ཁོང་གྲོང་ཚོར་ལོག་ནས་བདག་སྐྱོང་པ་བྱས་པ་དང་ཉིན་ལྟར་ཞོགས་པའི་ཆུ་ཚོད་6པར་མཚོ་འགྲམ་དུ་སྐོར་གཡེང་བྱེད་པར་འགྲོ་གི་ཡོད།

མཚོ་མོ་དྭངས། ཡུལ་སྐོར་རྒྱས། ཀྲའོ་ཏུང་ལིང་གིས“དེ་སྔ་རྫ་གཡམ་གྱི་ཁང་པ་ཁང་མིག་5ལས་མེད་པ་དང་ད་ཆ་ཐོག་སོ་གསུམ་གསར་སྐྲུན་བྱས་ཡོད”ཅེས་ཞིང་ཁྱིམ་སྒོ་རའི་པར་བསྟན་ནས་བཤད།

ཉེ་བའི་ལོ་ཤས་རིང་ཐའེ་ཧང་ཧྲུའེ་གྲོང་རྡལ་སོགས་མཛེས་ལྗོངས་ཁུལ་གྱིས་ལོ་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཨན་ཀེ་ཀྲོང་གྲོང་ཚོའི་གྲོང་མི་མང་ཆེ་བ་ཡུལ་སྐོར་གཉེར་སྐྱོང་ནང་ཞུགས་ནས་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་9000ནས་ན་ནིང་གི་སྒོར་ཁྲི་2.8བར་འཕར་ཡོད། མཛེས་ལྗོངས་ཁུལ་གྱིས་གཉེར་སྐྱོང་དུད་ཚང་500ཙམ་དང་ཉེ་འཁོར་གྱི་གྲོང་ཚོ་12ཀྱི་གྲོང་མིར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཡོང་བར་སྐུལ་ཁྲིད་བྱས་པ་རེད། གྲོང་གསེབ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ནས་རྫོང་ཡོངས་སུ“ཞིང་ཁྱིམ་ཁང”500ལྷག་ཙམ་སྣེ་ཁྲིད་ཀྱིས་བཙུགས་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར)