《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月11日

ཀྲུང་གོ་དང་ནོར་ཝེ་ཡི་མཛའ་གྲོགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

ཧོའུ་གཡོད།

འདི་ལོའི་ཟླ་10ཚེས་5ཉིན་ནི་ཀྲུང་གོ་དང་ནོར་ཝེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་ཉིན་མོ་རེད། ཀྲུང་གོ་དང་ནོར་ཝེ་ཡི་ལོ་རྒྱུས་རིག་གནས་དང་ཆབ་སྲིད་ལམ་ལུགས་མི་འདྲ་ཡང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད་ལ། དངོས་སྒྲུབ་མཉམ་ལས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཟླ་9ཚེས་9ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་མཇལ་འཛོམས་གནང་སྟེ། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་སྟེ། ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བར་ཇུས་འགོད་གནང་ཡོད།

ཀྲུང་གོ་དང་ནོར་ཝེ་ནི་གྲོགས་པོ་བློས་ཐུབ་ཅིག་ཡིན། ལོ་70ཡི་རིང་གི་ཀྲུང་གོ་དང་ནོར་ཝེ་ཡི་འབྲེལ་བའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་མཛའ་གྲོགས་དང་མཉམ་ལས་བརྗོད་དོན་གཙོ་བོར་བཟུང་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པར་གལ་ཆེ་ཤོས་ནི་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས་བྱེད་པ་དེ་ཡིན་པ་ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་བཤད་བྱས་ཡོད།

ཀྲུང་གོ་དང་ནོར་ཝེ་ནི་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་ཞིག་ཡིན། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཐད་ཚད་མཐོའི་གསབ་རེས་དང་དངོས་སྒྲུབ་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ལྗང་མདོག་མཚོ་ཐོག་སྐྱེལ་འདྲེན་དང་གློག་སྒུལ་རླངས་འཁོར་སོགས་ཀྱིས་ཀྱང་ནོར་ཝེ་ཡི་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱ་ཆེད་གདམ་ག་དེ་བས་མང་བ་དང་ལེགས་པ་མཁོ་འདོན་བྱས་ཡོད།

ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་ནས་ཕན་པ་ཐོབ་ཡོད་ལ། ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བར་རེ་སྒུག་ཆེན་པོ་ཡང་བྱེད་ཀྱི་ཡོད།

ཀྲུང་གོ་དང་ནོར་ཝེ་ནི་འདོད་མཐུན་སྤྱོད་མཐུན་གྱི་ལམ་རོགས་ཤིག་ཡིན། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་རང་མོས་ཚོང་དོན་སྲུང་སྐྱོང་སོགས་ཀྱི་ཐད་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་སུ་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐད་ཀྲུང་གོ་དང་ནོར་ཝེ་ཕྱོགས་གཉིས་པོས་རྒྱལ་སྤྱིའི་མཉམ་ལས་བརྒྱུད་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གནམ་གཤིས་སྐོར་གྱི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་དང་མཉམ་དུ་མཛའ་གྲོགས་རྒྱུན་མཐུད་དང་མཉམ་ལས་རྒྱ་ཆེར་བཏང་ནས། དྭངས་གཙང་ནུས་རྒྱུ་དང་། ཁོར་ཡུག་བཅོས་སྐྱོང་། མཚོ་དོན་དང་མཚོ་ཐོག་ལས་གྲྭ མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་བཀྲག་མདངས་མཚེར་ས་གསར་པ་བཏོད་དེ། ཀྲུང་གོ་དང་ནོར་ཝེ་ཡི་མཛའ་གྲོགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

(རྩོམ་པ་པོ་ནོར་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)